ཡུམ། Tibetan Women's Reality

Home » བོད་ཀྱི་སློབ་གསོ། » “སློབ་མར་ཤ་ཚ་བ་ནི་དགེ་རྒན་ལ་ལྡན་དགོས་པའི་མཚན་ཉིད་དང་པོ་རེད།”

“སློབ་མར་ཤ་ཚ་བ་ནི་དགེ་རྒན་ལ་ལྡན་དགོས་པའི་མཚན་ཉིད་དང་པོ་རེད།”

481469_148707405277112_1396385839_n

——-མགོན་པོ་བསོད་ནམས།སྤྱིར་དགེ་རྒན་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་དང་། མཚན་ཉིད་ཀྱི་རྣམ་གཞག་མང་དུ་མཆིས་མོད། དེ་ལས། ངེས་པར་དུ་སློབ་མ་ལ་དགའ་ཞེན་དང་། སྙིང་ཉེ་བ། གཅེས་དགོས་ལ་བཀུར་ཡང་དགོས་པའི་འདུ་ཤེས་བཅོས་མིན་ཞིག་ནི་དགོས་ངེས་ཤིག་ཡིན་པར་མ་ཟད། ཐ་ན་དགེ་རྒན་རང་ཉིད་ཀྱི་སེམས་གཏིང་གི་སྤྲོ་སྣང་གི་སྒུལ་ཤུགས་ཡོད་ཚད་སློབ་མའི་སྟེང་དུ་གནས་ཤིང་ཟོལ་མེད་ཀྱི་སྤྲོ་སྣང་དེ་ལུས་དང་གྲིབ་མ་བཞིན་སློབ་མ་དང་ཁ་འབྲལ་དུ་མེད་པ་ཞིག་ཡིན་དགོས། ཆ་རྐྱེན་དེ་མ་ལྡན་ཚེ། གཞན་སློབ་ཁྲིད་བྱེད་ཐབས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་དང་། ཁྲིད་ཚན་ཁག་ལ་བྱང་ཆ་ལྡན་ཞིང་ཆུ་ཚད་ཅི་འདྲ་མཐོ་ནའང་། སློབ་མའི་སློབ་སྦྱོང་གི་དགོས་མཁོ་ཡོངས་སུ་སྐོང་ཐུབ་པ་ཞིག་ཡོང་དཀའ། ཅིའི་ཕྱིར་ཞེ་ན། དེ་ནི་སློབ་མའི་ཡོན་ཚད་དང་། ལུས་ཁམས། མཛེས་རྩལ། བསམ་བློ། ཀུན་སྤྱོད་བཅས་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བར་བྱེད་དགོས་པས་ན། ངེས་པར་དུ་སློབ་མ་རེ་རེ་བཞིན་གྱི་སྤྱིར་བཏང་གི་བསམ་བློའི་ཁྱེར་སོ་དང་། ཕུགས་བསམ། ལྟ་ཚུལ། འཚོ་བའི་སེམས་ཁམས་སྐྲུན་སྟངས་བཅས་ཀྱི་གཏིང་མཐིལ་དཔག་པའི་འཚོལ་ཞིབ་དང་། རྒྱུས་ལོན་མཐར་ཆགས་ཤིག་དགོས་པས་ཡིན་ནོ།།
དེ་ལྟ་བུའི་སློབ་མའི་སེམས་ཁམས་ཀྱི་རང་གཤིས་རྒྱུས་ལོན་པ་ལ་ཐོག་མཐའ་བར་གསུམ་དུ་སློབ་མར་ཤ་ཚ་བ་དང་། གཅེས་ཤིང་བཀུར་ལ་སྙིང་ཉེ་བའི་ལྷག་བསམ་ཞིག་གིས་སྐྱེད་སྲིང་ལྷོད་མེད་ཅིག་དགོས་པས་སོ།།

དང་པོ། སློབ་མ་དང་འབྲལ་མེད་མཉམ་གཤིབ་ཀྱི་འདུ་ཤེས་གཏིང་ཟབ་ཆགས་དགོས།

སློབ་མ་ནི་དགེ་རྒན་རང་ཉིད་ཀྱི་འཚོ་བའི་ཁྲོད་ཀྱི་མེ་ཏོག་དང་། སྤྲོ་སེམས་སློང་བའི་སྒུལ་ཤུགས་འབའ་ཞིག་ཏུ་བསམ་པ་གཞིར་བཅས། རྣམ་ཀུན་སློབ་མ་དག་དང་གླེང་མོལ་དང་། དགོད་བྲོ་བའི་ཁ་མཚར། གོ་སྐོན་གྱི་སྒྲུང་གཏམ། སྙིང་ཐག་ཉེ་བའི་བསླབ་བྱ་སོགས་ཀྱིས་སྐྱེད་སྲིང་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། ཡང་ཕྱོགས་གཅིག་ནས། ཕ་མའི་དོད་དུ་ལངས་ཏེ་བྱམས་བརྩེའི་ཉམས་འགྱུར་དང་། གཟབ་ནན་གྱི་མིག་གིས་འཚོས་ནས་འཇམ་ལ་བབ་ཆགས་པའི་རྟོགས་སད་རང་བཞིན་གྱི་སེམས་གསོས་གཉོར་སྐྱོང་དགོས། ད་དུང་འཛུམ་མདངས་ལ་བརྟེན་ནས་འཛུམ་མདངས་བསུ་བ་དང་། སྤྲོ་སེམས་ལ་བརྟེན་ནས་སྤྲོ་སེམས་སློང་སྟེ་སློབ་མའི་བདེ་སྡུག་གི་ཁུར་བབ་ཡོད་ཚད་རང་སྟེང་དུ་ཁྱེར་བཟོད་པ་དང་། སློབ་མའི་སློབ་སྦྱོང་དང་། འཚོ་བའི་ཁྲོད་ཀྱི་ལེགས་ཉེས་ཐམས་ཅད་དགེ་རྒན་རང་ཉིད་ཀྱི་བྱ་བའི་ཁྲོད་ཀྱི་ལེགས་ཉེས་གལ་ཆེན་ཞིག་ཏུ་བརྩིས་ནས་སྒམ་བརླིང་དང་། བབ་ཆགས་པའི་རང་བཞིན་ལས་སུན་སྣང་སྤུ་ཙམ་ཡང་མེད་དགོས། དེ་ལྟ་བུས་སློབ་མར་གོང་བཀུར་དང་ཡིད་ཆེས་གནང་ན། ད་གཟོད་སེམས་ངོས་གཙང་བའི་ན་ཆུང་སློབ་མ་རྣམས་ལ་རང་འགུལ་གྱིས་དགེ་རྒན་ནི་རང་ཉིད་ཀྱི་ཁྱོན་ཡོངས་ཀྱི་འཚར་སྟོབས་ལ་སྒུལ་ཤུགས་གཏོང་མཁན་དང་། ལམ་སྟོན་པ། ཕ་མ་དང་འདྲ་བ། གནས་ཚུལ་ཁ་ཤས་ཀྱི་ཐད་ནས་ཕ་མ་ལས་ཀྱང་དགེ་རྒན་ལ་དགའ་ཞེན་དང་། ཆེ་མཐོང་གི་འདུ་ཤེས་ཤིག་ཆགས་ངེས་ཤིང་ནམ་རྒྱུན་དགེ་རྒན་དེས་བཤད་པའི་སྐད་ཆ་ནི་བླ་ན་མེད་པའི་བསམ་བློའི་མཛུབ་སྟོན་ཞིག་ཏུ་བརྩི་བ་དང་། དགེ་རྒན་དེས་ཁྲིད་པའི་སློབ་ཚན་གང་ལའང་བརྗེད་དུ་མེད་པའི་བག་ཆགས་ཟབ་མོ་ཞིག་ཐེབས་ངེས་སོ།།

གཉིས་པ། སློབ་མར་གཅེས་སེམས་ཀྱིས་མ་འདང་ཚེ། ཁྲིད་ཐབས་ཅི་འདྲ་ལེགས་ཀྱང་གསོན་ཉམས་ལྡན་པར་དཀའ།

སློབ་ཁྲིད་གང་འདྲ་ཞིག་གི་སྐབས་ཡིན་ནའང་། གལ་གནད་ཆེ་ཤོས་ནི་བློ་རྩེ་གཅིག་སྒྲིམ་གྱིས་སློབ་མར་གཅེས་སེམས་བཅངས་ནས་ཉམས་སྤྲོ་ཞིང་བག་ཕེབས་ཀྱིས་སློབ་ཁྲིད་བྱེད་རྒྱུ་དེ་རེད། དེའང་དགེ་རྒན་གྱིས་རྣམ་རིག་སྒྲིམ་པའི་མིག་ཟུང་ལས་བྱམས་བརྩེའི་འོད་མདངས་ལ་ཉམས་པ་མེད་པར་སློབ་མའི་ཡོན་ཚད་དངོས་དང་བསྟུན་གང་ཐུབ་ཀྱིས་དམར་ཁྲིད་དང་། ངང་རིང་བསྟེན་དགོས། ད་དུང་མ་གོ་བར་ཡོད་ན་སུན་སྣང་གང་ཡང་མེད་པར་ཡང་དང་བསྐྱར་དུ་གསབ་ཁྲིད་བྱེད་དགོས་པ་ལས་དགེ་སློབ་བར་གྱི་དམ་ཚིག་དང། དགའ་གཅེས་ཀྱི་འདུ་ཤེས་ལ་བསམ་གཞིག་གིས་མི་འདང་བར་གྲང་ཤུར་ཤུར་གྱི་རྣམ་འགྱུར་དང་། རྟ་ཐོག་གྲོག་ལྟ། ཁྲལ་སེལ་གྱི་མཛུབ་མོས་རི་སྟོན། སློབ་མ་དང་སློབ་ཁྲིད་ཀྱི་བར་ན་ཡོལ་རས་གང་རུང་ཞིག་གམ། རྒྱང་ཐག་ཅིག་གིས་ཆོད་པའི་སྟོང་ཆ་ཞིག་ལྷགས་འདུག་པ་ལྟ་བུའི་བྱེད་བབ་དེས་ནི་སློབ་མས་སློབ་ཁྲིད་ལ་ཉན་འདོད་ཀྱི་ཡི་ག་ལོག་སྲིད། དེས་ནི་སློབ་མའི་སློབ་སྦྱོང་གི་དགོས་མཁོ་སྐོང་མི་ཐུབ་བོ།།
ཡང་དགེ་རྒན་ལ་ལས་རང་ཉིད་མཁས་རློམ་གྱི་ཁེངས་པས་སློབ་མའི་བློ་ཁ་དང་། ལོ་ནའི་ཁྱད་ཆོས་ཀྱི་ཆོས་ཉིད་དང་མི་བསྟུན་པར་སྒྲོབ་བཤད་དང་། འབྲེལ་མེད་རྙོག་གཏམ་ལུང་བ་གང་བཤད་པ་སོགས་ཀྱང་དོན་གྱིས་སློབ་མའི་གནས་བབ་དངོས་ལ་སེམས་ཁུར་དང་། དང་ལེན་གྱིས་མ་འདང་བའི་སྔོན་རྟགས་ཤིག་ལས་མ་འདས་སོ།།

གསུམ་པ། སློབ་མར་རེ་བ་དང་ཤ་ཚ་མེད་ན། སློབ་གསོའང་ཡོད་མི་སྲིད།

སློབ་མ་རང་ཉིད་དགེ་རྒན་སུ་ལ་དགའ་ཞིང་བག་ཆགས་ཟབ་ན། དགེ་རྒན་དེས་ཁྲིད་པའི་བསླབ་གཞི་ལ་གཟེངས་སུ་ཐོན་པའི་ཡར་རྒྱས་ཡོང་། དཔེར་ན། རྩིས་རིག་དགེ་རྒན་ལ་དགེ་རྒན་གཞན་ལས་ཀྱང་དགའ་ཞིང་སྙིང་ཐག་ཉེ་ན་དགེ་རྒན་དེའི་སློབ་ཐུན་ནི་སློབ་ཐུན་གཞན་ལས་ཀྱང་སྤྲོ་སྣང་གིས་ཁེངས་པ་དང་། ཉན་འདོད་ཀྱི་འདུན་པས་བག་བྲོ་བ་དང་། ཐ་ན་སློབ་ཐུན་དེ་ལྟ་བུར་སློབ་མ་སུ་འདྲ་ཞིག་ཡིན་ནའང་རེ་ཞིང་སྒུག
དེ་ནི་རྩིས་རིག་དགེ་རྒན་དེས་སློབ་མ་ལ་བཟུང་བའི་རྣམ་འགྱུར་དང་། ཐུགས་ཁུར་ནི་དགེ་རྒན་གཞན་དག་ལས་བློར་འབབ་པ་དང་། བརྩེ་དུང་གིས་ཁེངས་པ་ཞིག་ཡིན་ངེས་པས་རེད། ཡང་དགེ་རྒན་རེ་ཟུང་གིས་སློབ་མར་དམའ་འབེབས་དང་། ཟུར་ཟ། ལུས་ཐོག་དང་དངུལ་ཐོག་ནས་ཆད་པ་གཅོད་པ་སོགས་བྱེད་པ་དེ་ནི་དོན་དངོས་སུ་དགེ་རྒན་རང་ཉིད་ཀྱི་བསམ་བློའི་གོ་རྟོགས་ཀྱིས་མ་འདང་བ་དང། ཐབས་རྡུགས་ཀྱི་ལམ་ལོག་ཡིན་པར་བརྟེན། དེ་ལས་ཐོན་པའི་མཇུག་འབྲས་ནི། སློབ་མ་དགེ་རྒན་ལ་ཞེད་ཅིང་སློབ་གྲྭ་དང་ཁ་འབྲལ་འདོད་སྐྱེས་པ་དེ་རེད་དོ།།
ད་དུང་ཡང་། དགེ་རྒན་ནི་ནམ་ཡང་སློབ་མ་དག་དང་ཆ་འདྲ་ས་ཞིག་ཡོད་དགོས་པ་ནི། དགེ་རྒན་ཡང་ན་ཆུང་སློབ་མ་ཞིག་དང་འདྲ་བར་སློབ་མ་རྣམས་ཀྱི་སློབ་ཕྱིའི་འགུལ་སྐྱོད་སོགས་ཀྱི་ཁྲོད་དུ་ཞུགས་སྤྲོ་ཞིང་ཞུགས་ན་འཚམ་པ་དང་། མི་མཐུན་པ་མེད་པ་ཞིག་ཡིན་དགོས། ཨུ་རུ་སིའི་ཆེད་མཁས་སློབ་གསོ་བ་ཞིག་གིས། སློབ་མ་སྐྱོང་བའི་ཐབས་ཆེས་ཕུལ་དུ་བྱུང་བ་ནི། དགེ་རྒན་གྱིས་སློབ་མར་བརྩི་འཇོག་བྱེད་རྒྱུ་དེ་ཡིན་པར་གསུངས་འདུག་པ་ལྟར། དགེ་རྒན་གྱིས་ནམ་ཡང་སློབ་མར་བརྩི་མཐོང་དང་། ཡིད་ཆེས་ཀྱིས་གཅེས་སྐྱོང་དགོས་པ་ལས། བརྩི་མཐོང་དང་། ཡིད་ཆེས་མེད་པའི་མི་ལ་སུས་ཀྱང་རེ་བ་བཅངས་མི་སྲིད་དོ།།

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out / Change )

Twitter picture

You are commenting using your Twitter account. Log Out / Change )

Facebook photo

You are commenting using your Facebook account. Log Out / Change )

Google+ photo

You are commenting using your Google+ account. Log Out / Change )

Connecting to %s

Kunsang Dolma’s memoir

click to buy

Enter your email address to follow this blog and receive notifications of new posts by email.

Join 67 other followers

%d bloggers like this: