ཡུམ། Tibetan Women's Reality

Home » སྒྱུ་རྩལ་རྩོམ་རིག » ༼ ཆེ་ཆུང་བཤད་པ། ༽

༼ ཆེ་ཆུང་བཤད་པ། ༽

Advertisements

བྱམས་མེ་མགོན་བསོད།

ཀྱེ་ཀྱེ་ཕྱོགས་སུ་མ་ལྷུང་རིག་པའི་དབྱིག།

དོན་དུ་གཉེར་བ་རྣམས་ལ་མཁོ་མིན་ཡང་།།

གཡོ་དང་བཅོས་མའི་སང་རས་མཐུག་པོ་ཡིས།།

སྒྲིབ་དག་བག་ཡོད་བསྟེན་ཕྱིར་གཏམ་འདི་ཤོར།།

སྔོན་མེད་ལེགས་བཤད་སྐྱེས་ཀྱིས་ཆེས་ཕོངས་ཀྱང་།།

བར་མ་དོ་རུ་ལྷག་པའི་གནད་ཅིག་གིས།།

རེས་འགའི་རིག་པ་འགག་པའི་རྐྱེན་བྱེད་ན།།

རང་མཉམ་གོ་ལོག་འཛིན་རྣམས་བག་ཙམ་ཉོན།།

རྣམ་པར་གཡེང་བྱེད་གློག་སྦྱོར་ཆེས་དར་བས།།

རྣམ་རྟོག་གར་དགུའི་ཉམས་ཀྱིས་ཡིད་མྱོས་ཤིང་།།

རྣམ་འབྱེད་རིག་པའི་མཐུ་རྩལ་རགས་ཤིང་འགྲིབ།།

རྣམ་མང་སྐྱེ་བོ་ལོག་པར་འཕྱན་འདི་ཕངས།།

དེ་ཡང་གཟུགས་བོངས་གསུས་ཆེན་འགྱིང་ཚུགས་ཅན།།

འཁོར་བསྒྱུར་བཞིན་བཀུར་རིག་པས་རྣམ་དཔྱད་ཅིང་།།

ལེགས་བཤད་དོན་ལ་རྟོན་པའི་སྐབས་ཕྲ་བས།།

མཁས་བླུན་སེང་ཁྱིའི་གྲལ་མགོ་ལྡོག་པ་མང་།།

དབུལ་བོའི་ཡུལ་དུ་རྒྱགས་པ་རྣམས།།

ངོ་སོར་འཛིན་པའི་སྲོལ་ངན་དར།།

དེ་རྗེས་སྙེག་པའི་གཟུ་ལུམ་འགས།།

སྐམ་རིད་མཁས་ཀྱང་མིར་མི་བརྩི།།

གཟུགས་བོངས་ལ་ལྟོས་ཆེ་ཆུང་འཇལ་བྱེད་པ།།

བླུན་པོ་རང་ཤེད་ཅན་གྱི་མཐོང་སྣང་ཉིད།།

རྣམ་དཔྱོད་བློ་རིག་དཔལ་གྱིས་དབུལ་གྱུར་ན།།

གྱད་ཆེན་རོ་གཟུགས་ཆེ་བས་ཅི་བྱར་ཡོད།།

སེང་གེ་གཟུགས་ཆེན་སྟོབས་ཀྱི་བདག་པོ་ཡང་།།

རི་བོང་བློ་ཡིས་བཏུལ་སོགས་གཏམ་བརྒྱུད་མང་།།

ཤ་ཡི་གདུ་བུ་ཅན་གྱི་རྒྱགས་པའི་ཁྲོད།།

རིག་པ་གཉེར་བའི་དཀའ་ཐུབ་བསྟེན་མཁན་ཉུང་།།

ཀེང་རུས་གཟུགས་འཆང་མི་ལ་རྗེ།།

ཆེ་སྙན་གངས་རིའི་ཁོངས་ལས་བརྒལ།།

གཟུགས་བོངས་ཆེ་བས་ཆེར་རློམ་ན།།

གླང་ཆེན་བཀུར་བར་འོས་སམ་ལྟོས།།

གནམ་འོག་དབང་དུ་བསྡུ་བ་ལ།།

རྣམ་རིག་བཀྲ་བའི་ཏུན་ཞའོ་ཕེན།།

མིའུ་ཐུང་གཟུགས་ཀྱིས་མ་མནར་བར།།

དུང་ཕྱུར་བཅུ་ཡི་རྗེ་བོར་གྱུར།།

གཟུགས་བོངས་ཆེ་བས་ཆེ་སྙམ་པ།།

གཟུ་ལུམ་འགའ་ཡི་མཐོང་སྣང་ལས།།

ཐང་ལས་བོངས་ཀྱིས་འཕུང་བའི་གཏམ།།

ལོ་རྒྱུས་བྱུང་རབས་གང་དུ་མེད།།

འཇོན་པའི་མི་དེ་མཐེ་བོང་ཙམ།།

མགྱོགས་པའི་རྟ་དེ་རི་བོང་ཙམ།།

ཞེས་པའི་གཏམ་དཔེས་གཟུགས་ཆེ་བས།།

འཇོན་པའི་ངེས་པ་མེད་པར་སྟོན།།

རྒྱ་དང་ཁ་ཆེའི་ཟ་ཁང་འགར།།

ལྐོག་ཚོང་བོངས་ཆེན་བྲིན་པར་ཐོས།།

གཞན་དུ་རྒྱལ་སྲས་ཞི་བ་ལྷས།།

གཅན་གཟན་ཟས་སུ་སྲུང་རིགས་གསུངས།།

ཆེ་ན་ཆེ་རོ་ཁོག་སྟོང་དེ།།

སྡོང་རྒན་ཆེ་བ་ཁོག་རུལ་དང་།།

རྣམ་དཔྱོད་རིག་པའི་རྩལ་སྐྱེད་པར།།

མི་གཙང་རྐྱལ་བ་ཆེ་དགོས་མེད།།

ཟས་སུ་བསྟེན་ལ་དུད་འགྲོ་སོགས།།

གཟུགས་བོངས་ཆེ་ཆུང་ལ་ལྟོས་མོད།།

བདེན་ལུགས་ཆེ་བར་འཛིན་པ་ལ།།

གཟུགས་དང་ལང་ཚོས་རྔོ་མི་ཐོགས།།

ཉི་མ་འབུམ་ལས་ཟིལ་ཆེ་བ།།

རིག་པའི་འདབ་སྟོང་བཞད་པ་ཉིད།།

གཟུགས་ཆེས་དྲེགས་འཆང་སྐྱེ་བོ་རྣམས།།

ལྦ་བ་རྒྱན་དུ་ངོམ་དང་མཚུངས།།

ལེགས་བཤད་གཏམ་གྱི་མཛོད་འཛིན་པ།།

ས་པན་དམ་པའི་ཞལ་ལུང་ལས།།

དེ་ཉིད་སྨྲ་རྣམས་ཆེར་བཀུར་བར།།

གདམས་པའི་མན་ངག་སྙིང་ལ་ཆོངས།།

དེང་འདིར་གློག་འཕྲུལ་འབྱོར་བ་ཡིས།།

ཕྱུག་ཀྱང་སེམས་ཀྱི་འཚོ་བ་ཡིས།།

ཀུན་ནས་ཕོངས་ཕྱིར་དོན་དམ་གྱི།།

ཆེ་བ་བློ་གྲོས་དཔལ་ལ་ལྟོས།།

ཕག་སོགས་དུད་འགྲོ་ཤ་ཤེད་བོངས།།

རྒྱགས་ཤིང་ཆེ་བ་སྲོག་གི་གཤེད།།

སྐྱེ་བོ་རྒྱགས་ཆེན་གཉིད་ལྕི་ཞིང་།།

སྒྱུད་ལུག་ཆེ་ཞིང་སློབ་གཉེར་གཤེད།།

དེང་སང་བླ་དཔོན་ཕལ་མོ་ཆེ།།

གཡེང་དགའ་དཀོར་སྣུམ་སྤྱོད་ཆེས་བས།།

རྒྱགས་ཤིང་ཤ་མདངས་བཀྲག་མཐོང་ཚེ།།

རྨོངས་དད་ཅན་དག་ངོ་སོར་འཛིན།།

གནའ་དེང་དམ་པས་རྣམ་པར་ལེགས་དཔྱད་པའི།།

བྱམས་དང་བརྩེ་སོགས་ཞི་བདེའི་རྩ་ལག་ལ།།

སྨན་པའི་སྲོལ་བཟང་སྐྱེས་སུ་བཞག་པའི་ནོར།།

འཇིག་ཉེན་ཆེ་ཞེས་མཁས་རྣམས་གཅོང་སྐད་ཤོར།།

དེས་ན་གཟིར་གནས་ཤེས་རབ་སྟོབས་ལྡན་རྣམས།།

ཉམ་ཆུང་བྱད་གཟུགས་ཅི་ལྟར་ཉེས་ན་ཡང་།།

ཀླུ་རྒྱལ་གཙུག་ནོར་བཞིན་དུ་བཀུར་འོས་ལས།།

ལོག་རྟོག་འདིས་ཀྱང་མུན་པར་ལྟུང་ཉེན་ཆེའོ།། 

Advertisements

Leave a Reply

Fill in your details below or click an icon to log in:

WordPress.com Logo

You are commenting using your WordPress.com account. Log Out /  Change )

Google+ photo

You are commenting using your Google+ account. Log Out /  Change )

Twitter picture

You are commenting using your Twitter account. Log Out /  Change )

Facebook photo

You are commenting using your Facebook account. Log Out /  Change )

w

Connecting to %s

Kunsang Dolma’s memoir

click to buy

Enter your email address to follow this blog and receive notifications of new posts by email.

Join 67 other followers

%d bloggers like this: