ཡུམ། Tibetan Women's Reality

Home » བོད་ཀྱི་བུད་མེད།

Category Archives: བོད་ཀྱི་བུད་མེད།

༼ཆབ་མདོའི་གཞང་ཚོང་མ། ༽

nomad tentཨའེ་ཙི་ནད་པ། མིང་༞༞མོ། ལོ་ ༢༩ ལས་རིགས་ ཞིང་པ། མི་རིགས། མི་རིགས་དཀར་པོ། ཕ་ཡུལ་ ཡུན་ནན་ཏ་ལིས། ཆུང་དུས་ནས་ཕ་མ་གཉིས་ཁ་ཁ་བྱས་ཏེ་ང་ཨ་ཕ་དང་ལྷན་དུ་སོང་བ་ཡིན། ཡིན་ན་ཡང་ཨ་མའི་ཁྱིམ་དུ་ཨ་མས་ངའི་གཅུང་པོ་དབང་སྐྱོན་ཅན་ཞིག་ཡོད། གཅིག་ནས་དེ་གཡོག་དགོས་པ་དང་། གཉིས་ནས་ཨ་མ་ཁོ་རང་གི་ལུས་པོ་ལའང་ཧ་ཅང་བདེ་པོ་མེད། གློ་གཅོང་གི་ནད་ཀྱང་ཡུན་རིང་ན་ཡོད་པ་རེད། གནས་ཚུལ་འདིའི་འོག་ནས་རང་སེམས་བཟོད་ཐབས་མི་འདུག་པས་རང་ལོ་བཅོ་ལྔའི་ཐོག་ནས་སློབ་གྲྭ་ཕྱིར་འཐེན་གྱིས་ཨ་མའི་ཁྱིམ་དུ་ལས་ཀ་བྱས་པ་ཡིན། རང་ལོ་བཅོ་བརྒྱད་ནས་རང་གི་གྲོགས་མོའི་འགས་ངོ་སྤྲོད་ལྟར་ཏ་ལིས་ཡོངས་ནས་མགྲོན་ཁང་གི་ཞབས་ཞུ་བ་བྱས་པ་ཡིན། སྐབས་དེ་དུས་ཟླ་ཕོག་གོར་ཉིས་སྟོང་ཙམ་ཡོད་པས་ཕྱེད་ཀ་ཨ་མ་དང་གཅུང་པོ་ལ་བསྐུར་ནས་ཕྱེད་རང་གི་ལྟོ་གོས་ཡོང་ཙམ་བྱས་ཏེ་འཚོ་བ་སྐྱེལ་བ་ཡིན། དེ་ནས་རང་ལོ་ཉི་ཤུ་ཐོག་ཕྱུག་པོ་ཞིག་གི་ཁྱིམ་ནང་དུ་བུ་རྫི་བྱས་ཏེ་གླས་པ་ཡིན། སྐབས་དེ་དུས་ཁྱིམ་བདག་བུ་དེས་ཐེངས་མང་པོ་བཙན་ལས་བྱས་སོང་། ཡིན་ཡང་ལོ་གཅིག་འགན་རྒྱ་འཇོག་ཡོད་པས་དེ་ལ་སྐྲག་ནས་འགྱུར་ལྡོག་གཏོང་མ་ཕོད། ཡང་ཁྲུས་ཁང་ཆེན་པོ་ཞིག་གི་ཞབས་ཞུ་བ་གླས་པ་ཡིན། སྐབས་དེར་གླ་ཆ་ཡང་ཡག་པོ་བྱུང་ལ། ཨ་མ་དང་གཅུང་པོ་ལའང་གོར་མོ་མང་ཙམ་བསྐུར་རྒྱུ་བྱུང་། རྗེས་སུ་ལས་ཀ་ལའང་འགྱུར་ལྡོག་ཆེན་པོ་བྱུང་། རང་ལོ་ཉེར་བཞི་སྟེ་ ༢༠༠༨ ཏ་ལིས་ཁྲུང་ཁང་ནས་ངོ་ཤེས་པའི་གྲོགས་མོ་ཞིག་གི་ངོ་སྤྲོད་ཐོག་ཆབ་མདོ་ལ་སོང་པ་ཡིན། ཡིན་ཡང་སྔར་ནས་ངའི་མི་ཚེར་བསམ་མ་མྱོང་བའི་སྨད་འཚོང་མའི་ལས་ཀར་ཞུགས་པ་ཡིན། དང་པོ་ལས་ཀ་དེ་བྱེད་དུས་ཧ་ཅང་དཀའ་མོ་རེད། གོར་མོའི་ཕྱིར་དུ་རང་ལུས་བཙོང་གི་ཡོད་རེད། ཡིན་ཡང་ངའི་རོགས་པ་ཚོས་ལོ་གཅིག་གཉིས་ཙམ་ལས་ཀ་འདི་བྱས་ན་གོར་མོ་ཁྲི་༡༠ ལྷག་ཙམ་བསགས་ཐུབ་རེད། དེ་ནས་རང་ཉིད་ཀྱིས་ཁེ་ལས་བཟོ་ཐོབ་རེད་སོགས་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་མང་པོ་བཤད་དེ་རང་སེམས་བསྒྱུར་སོང་། དེ་ནས་ངས་ལོ་གཉིས་ལ་ལས་ཀ་འདི་སྒྲུབ་པའི་མགོ་གཙོ་ལ་འགན་རྒྱ་བཞག་པ་ཡིན། རང་ལོ་ཉེར་དྲུག་ཐོག་༢༠༡༠ ལོར་ལུས་ལ་སྟོབས་ཤུགས་མེད་པ་དང་། འཁྱག་སླ་བ། སེམས་འཁྱོལ་བ་སོགས་ནད་རྟགས་འདྲ་མིན་མང་པོ་ཐོན་སོང་། སྐབས་དེར་ཕ་ཡུལ་དུ་འགྲོ་བ་དང་སྦྲགས་ཁུན་མན་མི་དམངས་སྨན་ཁང་ནས་རྟགས་དཔྱད་བྱས་པ་ཡིན་པས་སྐྱོབས་ཐབས་བྲལ་བའི་༼ ཨའེ་ཙི་ནད་དུག་༽ རང་ལུས་ལ་ཕོག་འདུག་ཟེར། སྐད་དེ་ཐོས་མ་ཐག་རང་མེད་བྱེད་རྩིས་བྱས་པས་རང་སེམས་སུ་ཨ་མ་དང་གཅུང་པོ་གཉིས་དྲན་ཏེ་ང་ཤི་ན་ཁོང་གཉིས་གང་འདྲ་བྱེད་ཀྱི་རེད་བསམ་ནས། རང་ཐག་ཆོད་པོས་རང་ཁྱིམ་དུ་ལོག་པ་ཡིན། ད་ལོ་ངའི་གྲོགས་མོར་བརྒྱུད་འབྲེལ་ཐོག་ཁྱེད་མཇལ་ནས་ཁྱེད་ཀྱི་ནད་འདིའི་སྨན་འདིའི་བཀའ་དྲིན་འོག བདག་རང་ཉིད་སྔར་ལྟར་ལས་ཀ་ལ་ཞུགས་ཐུབ་པ་བྱུང་། དངོས་གནས་དེ་སྔོན་གྱི་བདེ་སྐྱིད་དེས་ཀྱང་ཆོག བཀའ་དྲིན་ཧ་ཅང་ཆེ། ཁྱེད་ཀྱི་རེ་བ་ལྟར་ངས་ཆབ་མདོ་ནས་ལས་སྟངས་འགའ་ཞུ་གི་ཡིན། འབུ་བརྐོ་ཚར་མ་ཚར་གྱི་ཟླ་བ་གཅིག་གི་རིང་ཡོང་འབབས་ཆེ་ཤོས་སམ་མི་མང་ཤོས་རེད། དགོང་རེར་སྐབས་འགར་མི་བཅུ་དྲུག་ཙམ་ཡོང་གི་ཡོད་རེད། ལྷག་པར་ལུང་ཁུག་ནས་ཡོང་བའི་ཕོ་གསར་དེ་དག་དགོང་རེར་བུ་མོ་ལྔ་དྲུག་ཙམ་བརྗེ་ལེན་བྱེད་ཀྱི་འདུག ཤུབས་གྱོན་དགོས་རེད་ཟེར་ནའང་ཤུབས་ཟེར་ཅི་ཡིན་གོ་གི་མི་འདུག་ལ། ཤུབས་མ་གྱོན་ན་རིན་གོང་མཐོ་ཟེར་ཡང་སྤྲད་ཀྱི་འདུག ཁོང་ཚོས་བུ་མོ་མང་པོ་བརྗེ་ལེན་བྱེད་པ་ལ་ཧ་ཅང་དགའ་གི་འདུག བླ་མ་གྲྭ་པ་ཡང་ཡོང་མཁན་མང་པོ་འདུག བླ་མ་དག་ལ་ཐོག་མར་འབྲེལ་བ་བྱེད་ས་ནི་ང་ཚོ་སྡོད་སའི་གཡས་སུ་ཁྲུས་ཁང་ཡོད་པས་དེའི་བདག་པོ་དེས་འབྲེལ་བ་བྱེད་ཀྱི་ཡོད་རེད། དེ་ལ་གླ་ཆ་གོར་༢༠ སྤྲད་དགོས་རེད། བླ་མ་འགའ་རེས་ནུ་མ་འཕུར་ནས་རང་གི་ཁུ་བ་ཕྱི་ལ་ཐོན་པར་བྱས་ཀྱི། མང་ཆེ་ཤོས་ཀྱི་དངོས་སུ་ལས་ཀྱི་རེད། ང་ཚོས་དངོས་སུ་མི་བཙུད་པ་དེ་བླ་མ་ཡང་དག་ལ་བརྩི་གི་ཡོད། བླ་མ་ངོ་ཤེས་མང་ན་གོར་མོ་ཡང་མང་པོ་སྤྲད་རེད་ལ་རྙོག་དྲ་ཡང་དེ་ཙམ་ཡོད་མ་རེད། ཆབ་མདོ་འདུག་སྐབས་ང་ལའང་བླ་མ་བཞི་ཙམ་ངོ་ཤེས་ཡོད། གཅིག་ནི་བླ་མ་ཆེན་པོ་རེད། མགོ་ཁྲིད་ཀྱང་དེ་བཞིན་ང་ཚོ་འབོད་ཀྱི་ཡོད་རེད། གང་ལྟར་ལས་ཀ་དེར་སྒྲུབ་སྐབས་ཟླ་བ་རེ་སྐབས་རེར་དམངས་གོར་ཁྲི་༦ ལྷག་ཀྱང་བཟོ་གི་ཡོད། ཡིན་ན་ཡང་ད་ཆ་འདི་འདྲ་
ཞིག་གྱུར་ཟིན་པ་རེད་ཅེས་ངུ་བཞིན་མང་པོ་བཤད་ཀྱི། ཚ་ཆང་ཕབ་ཐུབ་མ་སོང་། ངོ་མ་བོད་ཡུལ་ན་ཉེན་ཁ་ཆེ་གི་ལ། ལྷག་པར་ན་གཞོན་ཚོས་རང་གར་བཙལ་ནས་གང་འདོད་ལས་ན་དངོས་གནས་མི་རིང་བར་མི་རིགས་འདི་བརླག་ངེས་རེད་འདུག་སྙམ། རིས་མེད་ཨེ་འགོག་ཚོགས་མི་སངས་རྒྱས་ནས་ནད་པའི་བཤད་བཞིན་ཕབ།

Freedom of Speech

1376452_570556816345148_2011158714_nབོད་པ་ཚོས་ངའི་བྱ་སླྱོད་ལ་སྨད་ཀྱང་ཆོག་ཅིང་། འཕྱས་ནའང་འོས། བསྡིགས་ཀྱང་རུང་ཞིང་། དམོད་ནའང་འགྲིག གང་ལྟར། ངས་གླེང་འདོད་པ་ནི། མི་ཞིག་ཡིན་ཕྱིན། སྡུག་བསྔལ་མི་འདོད་ཅིང་བདེ་བར་འདོད་པ་ནི་གཅིག་གྱུར་རེད་་ལ། མི་རེ་རེར་བསམ་བློའི་ཆུ་ཚོད་ཀྱི་འཚོ་བ་རེ་དང་ཁོར་ཡུག་རེ་ཡོད་པ་རེད། དེ་ལ་རང་རང་གི་ཚོད་ཀྱི་མཐོང་ཐོས་མྱོང་གསུམ་གྱི་ཚོར་བ་དགའ་སྐྱོ་བཏང་སྙོམས་རེ་ཡོད་ཆོག་ལ། དེ་རེ་རེར་རང་རང་ལ་མཚོན་པའི་རིན་ཐང་རེ་དང་བདེན་པ་རེ་ཡོད། ཡོད་པ་དེ་དག་ཀྱང་རང་དབང་གི་ཐོག་ནས་གླེང་མོལ་བྱ་རྒྱུར་རང་རང་སོ་སོར་གདེང་ཚོད་རེ་དང་ཐོབ་ཐང་རེའང་ཡོད་ཆོག་པ་ཡིན། དེ་རྣམས་རང་རང་སོ་སོའི་བྱ་སྤྱོད་དང་ལག་ལེན་ཐོག་ལ་འཇོག་ཐུབ་མིན་ནི། མི་སོ་སོའི་སྙིང་སྟོབས་ཀྱི་ཕོད་པ་དང་དྲང་བདེན་ཀྱི་སྤོབས་པའི་རང་གཤིས་སུ་ཐུག་ཡོད། དེས་ན། བོད་པ་ཚོས་གནས་ཚུལ་ངོ་མ་མ་གོ་ཞིང་མ་རིག་ཁུལ་བྱས་ན་འདྲ། རང་སྐྱོན་རང་གིས་སྦས་ཤིང་གསང་ཁུལ་བྱས་ནའང་ཆོག འོན་ཀྱང་། ངས་རང་གི་མཐོང་ཐོས་མྱོང་གསུམ་གྱི་ཚོར་བ་ལས་བྱུང་བའི་བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བའིགནས་བབས་ཤིག་དང་དངོས་ཡོད་ཀྱི་འབྱུང་བའི་ལས་དབང་ཞིག་གླེང་བཞིན་པ་ནི་ཁྱེད་རྣམ་པས་མཁྱེན་པར་འཚལ།

-ཀུན་བཟང་སྒྲོལ་མས།

བུད་མེད་ཚོར་གཉའ་ཤིང་ཆགས་འདུག་པ་སེམས་ཁྲལ་ཞིག (link from chagnsa.net)

http://www.changsa.net/index.php/2011-07-21-23-17-13/2011-07-23-08-27-30/1514-2013-09-17-04-58-51

 

ང་ཡང་ངུས་པ་ཡིན།

________བུ་མོ་ཀུན་བཟང་སྒྲོལ་མའི་ལོ་རྒྱུས་ཐོས་རྗེས།

ང་རོ།

ཞོགས་པའི་ཉི་ཟེར་ལ་བལྟ་བ་དང
དགོང་ཁའི་བསིལ་རླུང་ལ་གཡེང་བ་དང་འདྲ་བའི
གཞོན་དུས་ཀྱི་ཁྱེད་ཀྱི་ལོ་ཟླ་སྨུག་པོ
མེ་ཏོག་ཅིག་གི་མཛེས་སྡུག་དང
རྫ་བུམ་ཞིག་གི་རང་མདངས་ཡིན
གངས་ཁྲོད་ནས་གཙང་བོ་དང
རྫ་སུལ་ནས་རྩྭ་ཐང་བར་ཡན་པའི་ནད་ཡམས་ལྡོམ་པོས
མེ་ཏོག་དེའི་མཛེས་སྡུག་བཅོམ་ནས
རྫ་བུམ་དེར་གས་ཁ་བཏོད་སོང་བས
ཁྱེད་ཀྱིས་རང་གི་ལས་དབང་ལ་འགྲམ་ལྕག་གཞུ་བཞིན
སྐྱོ་གར་རིང་མོ་ཞིག་གི་གཏམ་རྒྱུད་ཀློག་འགོ་བརྩམས
ལང་ཚོ་དེ་དབྱིངས་སུ་གཤེགས་སོང
་སྒེག་དེ་དྲི་མས་སྦགས་སོང་བས
ཟོལ་བཅོས་ཀྱི་ཁམས་འདིར
འཇིིགས་རུང་གི་ངོ་གདོང་ཐམས་ཅད་ཁྱེད་ཀྱི་ཁ་གཏད་དུ་ལངས་ནས
རོལ་དབྱངས་ནག་པོས་ཁྱེད་ཀྱི་མདུན་བསུ་སྐབས
གད་སྙིགས་ལ་འཐིམ་པའི་ཚེ་སྲོག་ཆུང་ཆུང་དེས་ཀྱང
ཁྱེད་ཀྱི་ཁྲག་སྦུག་ནང་ན་ཟུག་གཞན་ཞིག་དྲངས་སོང་བས
དེ་དུས་ང་ཡང་ངུས་པ་ཡིན
རི་ཚོགས་ཀྱི་མགོ་བོ་དུད་ཅིང
ནམ་ཟླ་སྐྱ་བོ་ཞིག་གིས་རྨི་ལམ་དཀྲོགས་དུས
སྨུག་ཁྲོད་ནས་རྒྱང་རིང་ལ་འཐེན་ཡོད་པའི་རྐང་ལམ་དེའི་ནང་ནས
ཁྱེད་ཀྱིས་རང་ཉིད་ལ་བཞག་ཡོད་པའི་ཁ་དོག་དེ་རུམ་བཞིན
ཞིག་རལ་དུ་གྱུར་བའི་སེམས་པ་དེ་དང་མཉམ་དུ
མུན་ནག་གི་འཇིག་རྟེན་གཞན་ཞིག་ལ་ཆས་འགོ་བརྩམས
༢༠༡༣-༦-༢༨

བོད་ཀྱི་བུད་མེད་ལ་འདྲ་མཉམ་སྦྱིན་པ་ནི་བོད་ཀྱི་སྤྱི་ཚོགས་ཧྲིལ་པོར་ཡར་འདེགས་བྱེད་པ་ཡིན།

ང་ཚོས་རིག་གཞུང་རྒྱུན་འཛིན་བྱ་རྒྱུའི་དགེ་མཚན་ལ་གནས་སྟངས་འདྲ་མིན་སྣ་ཚོགས་ཤིག་ཡོད། བོད་ནང་དུ་བཙན་པོའི་དབང་བསྒྱུར་གྱི་གཉའ་གནོན་ལ་གདོང་ལེན་བྱ་དགོས་ན་འདྲ། བཙན་བྱོལ་ཏུ་གནས་ཚང་རྒྱལ་ཁབ་ཁག་གི་གནོན་ཤུགས་ལ་གོམས་འདྲེས་བྱ་དགོས་ན་འདྲ། གང་ལྟར། ང་ཚོའི་རིག་གཞུང་གི་འཇུ་སའི་གྲུབ་ཆའི་སྙིང་པོ་དེ་སྐད་ཡིག་དང་ཆོས་ལུགས་ཐེ་བའི་བོད་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློའི་འདུ་ཤེས་སོགས་ལག་བསྟར་བྱས་ཏེ་ང་ཚོའི་ངོ་རྟགས་རྒྱུན་སྲིང་དང་འཚོ་སྐྱོང་བྱ་རྒྱུ་དེ་མེད་དུ་མི་རིང་བ་ཡིན། ང་ཚོའི་བྱམས་སྙིང་རྗེ་དང་བཟོད་སྒོམ་སོགས་ནི་ང་ཚོའི་རིག་གཞུང་གི་ངོ་རྟགས་ཁོ་ན་མིན། དེ་ནི་ང་ཚོའི་རིག་གཞུང་གི་བཟང་ཕྱོགས་ཀྱི་གྲུབ་ཆ་ཞིག་སྟེ་འཛམ་གླིང་ཡོངས་ཀྱིས་ང་ཚོའི་རིག་གཞུང་ལས་ལེན་དགོས་པའི་དཔེ་བཟང་དག་ཡིན། འོན་ཀྱང་། ང་ཚོ་ཡང་དག་པ་ཞིག་ག་ལ་ཡིན། ང་ཚོའི་བོད་ཀྱི་སྤྱི་ཚོགས་ཁྲོད་རྒྱུན་ལྡན་དུ་གནས་པའི་བྱ་སྤྱོད་ཁག་ཅིག་བདེ་ཐང་མིན་ཞིང་ལུགས་སྲོལ་རྙིང་སྟེ་དུས་ཚོད་ཡོལ་འདུག བྱ་སྤྱོད་དེ་དག་ངོས་འཛིན་བྱས་ནས་བསྒྱུར་བཅོས་གཏོང་བ་ནི་ང་ཚོའི་ངོ་རྟགས་ལ་འཇིགས་སྐུལ་བྱེད་པ་མིན་པར་ང་ཚོའི་རིག་གཞུང་གི་འཚོ་གནས་དང་དར་རྒྱས་སུ་ཕན་ཐོགས་པ་ཡིན། དེའི་ཕྱིར། ཕོ་མོ་འདྲ་མཉམ་མིན་པའི་བོད་ཀྱི་བུད་མེད་ལ་འཛིན་པའི་ལྟ་སྤྱོད་དེ་ཡར་རྒྱས་གཏང་དགོས་སའི་གནས་གཞི་གཅིག་ཡིན། འཆར་ཅན་བོད་ཀྱི་བུད་མེད་ནི་ཚེ་གཡོག་ལྟ་བུར་བརྩི་ཞིང་ཆགས་སྤྱོད་ཀྱིས་བསུན་གཙེར་བྱེད། རང་གི་ཉེ་འཁོར་ན་ཡོད་པའི་གཉེན་ཉེ་སུ་ཡིན་ཡང་བུད་མེད་ལ་གཅར་རྡུང་བྱེད་ཅིང་གདུག་རྩུབ་ཀྱི་བྱ་སྤྱོད་སྤེལ་བ་སོགས་ནི་ནོར་འཁྲུལ་ཚབས་ཆེན་ཞིག་ཡིན་པས་དེ་དག་མཚམས་འཇོག་བྱ་དགོས། བུད་མེད་ཞིག་ཡིན་ན་ཟ་མ་གཡོ་སྐོལ་དང་ཁྱིམ་ཕྱགས་གཙང་སྦྲ་བྱ་དགོས་པ་ཡིན་ཤག་ཤག་བརྩི་ལ། སྐྱེས་པ་ཞིག་ཡིན་ན་འཆམ་འཆམ་དང་བག་ལྷོད་ངང་བསྡད་དེ་བུད་མེད་ཀྱིས་ཁ་ལག་ཟ་ཆོག་ཆོག་བགྱིས་རྗེས་ཟ་རུ་ཡོང་བ་གཅིག་པོ་ལས་ཕོ་མོ་འདྲ་མཉམ་ཡིན་མིན་གསལ་པོར་བསྟན་ཡོད། འདིར་དམིགས་བསལ་གྱི་དཔེ་མཚོན་ཞིག་ནི་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་རཱ་ཇི་ཀུའུ་མཱར་ལ་མཇལ་འཕྲད་པ་ཚོས་སྒུག་པ་ཇི་བཞིན་བཀུར་བསྟི་བྱེད་པ་དང་མཚུངས། ང་ཚོའི་སྤྱི་ཚོགས་ཐོག་སྐྱེས་པ་ནི་རྒྱལ་སྲས་ལྟ་བུ་ཡིན་པས་བོད་ཀྱི་བུད་མེད་རྣམས་ཁོང་ཚོར་བཀུར་གཟོ་བྱེད་ཆེད་བཟོས་པར་གོ་དགོས་པར་སེམས། ཆགས་སྤྱོད་ཀྱི་སུན་གཙེར་དང་གཅར་རྡུང་གི་མཇུག་འབྲས་ཀྱི་གནས་སྟངས་ཚབས་ཆེན་གང་འདྲ་འབྱུང་མིན་གསལ་སྟོན་བྱས་ཡོད། དེས་ན། བོད་ཀྱི་བུད་མེད་ཚོ་ངོ་ཚ་ཡི་རང་བཞིན་དུ་འཁུམ་ནས་མི་འདུག་ག་མེད་བྱུང་ཡོད། སྐྱེས་པ་མང་པོ་ཞིག་གིས་རང་ཉིད་བུད་མེད་ཀྱི་དོ་སྣང་བྱ་བར་ཨུ་ཚུགས་མཐའ་སྐྱེལ་བྱ་དགོས་པའི་བསམ་ཚུལ་དང་ལྟ་ཚུལ་བཟུང་ཡོད། དེ་ནི་ནོར་འཁྲུལ་རེད། ལ་ལས་དེ་དག་ལ་ཡིད་ཆེས་པའི་རྐྱེན་གྱིས་བུད་མེད་ནི་ཆགས་སྤྱོད་ཀྱི་དགོས་མཁོ་དང་རང་དོན་སྤྲོ་སྣང་བྱ་ཆེད་བུད་མེད་ཀྱི་འདོད་བློ་ལ་མ་ལྟོས་པར་གང་བྱུང་དུ་སྐད་གཏོང་ཞིང་ལོག་སྤྱོད་བྱེད་པ་ཡིན། གལ་སྲིད་བུད་མེད་ཚོས་དགོས་མཁོ་དེ་དག་དང་ལེན་མ་བྱས་ཚེ། སྐྱེས་པ་ལ་ལས་དགྲ་ཤ་ལེན་ཆེད་བཤད་ཡམས་དང་རྫུན་གཏམ་སྒྲོག་སྟེ་བུད་མེད་དེ་ཚོར་མ་ཉེས་ཁག་གཡོག་བྱེད་དུ་བཅུག་སྟེ་མི་ཚང་མར་བཤད་ཡམས་དེ་དག་ལས་ཧང་སང་བར་འཇུག་པ་ཡིན། འོན་ཀྱང་། སྐྱེས་པ་དེ་ཚོས་ཁྱབ་བརྡལ་བཏང་བའི་སྒྲོག་གཏམ་དེ་ང་ཚོའི་སྤྱི་ཚོགས་ཁྲོད་ནོར་འཁྲུལ་དུ་མི་མཐོང་པ་རེད། བྱ་སྤྱོད་དེ་དག་ལ་བརྟེན་ནས་རང་ཉིད་ཀྱི་དགའ་རོགས་སམ་ཚེ་གཅིག་གི་སྐྱ་ཡ་ཡང་མགོ་སྐོར་གཏོང་ཐུབ་ལ་འབད་པའི་ངན་ཇུས་འཐེན་པ་ཞིག་རེད། གང་ལྟར། བུད་མེད་ལ་གཅར་རྡུང་བྱེད་པ་སོགས་ཀྱིས་བོད་ཀྱི་སྤྱི་ཚོགས་སུ་ཕན་ཐོགས་པའི་འབྲས་བུ་སྤུ་ཙམ་ཡང་མེད། ང་ཚོའི་དོན་དག་འདི་རྣམས་གང་བྱུང་སྣང་མེད་དུ་བཏང་བ་མ་གཏོགས་དེར་ཡ་ལན་སྤྲོད་པའི་ལུགས་སྲོལ་མེད་ཅིང་བསམ་བློའང་འཁོར་གྱིན་མེད་པ་རེད། བུད་མེད་ལ་གཅར་རྡུང་བྱེད་པ་ནི་ཁྲིམ་ཚང་ངམ་ཕོ་མོའི་གཉི་ཀའི་བར་གྱི་འབྲེལ་པའི་རྩོད་རྙོག་དང་སྒེར་སོ་སོའི་གནད་དོན་ཁོ་ནར་བརྩི་བ་ཡིན། བུད་མེད་ཚོས་རང་སྲུང་གི་ནུས་ཤུགས་ཀྱི་མ་འདང་པའི་སྐབས་སུའང་། ཉེ་འཁོར་དུ་ཡོད་པའི་གཉེན་འབྲེལ་གྱིས་ཁོ་མོ་ཚོར་སྲུང་སྐྱོབ་བྱ་རྒྱུ་ཕར་ཞོག རྒྱབ་སྐྱོར་གྱི་ཚིག་འབྲུ་ཙམ་ཡང་ཤོད་རྒྱུ་དཀོན་པོ་ཆགས་ཡོད། བོད་ཀྱི་སྤྱི་ཚོགས་ཁྲོད་ཕོ་མོ་འདྲ་མཉམ་མིན་པའི་བྱ་སྤྱོད་དེས་སྐྱེས་པ་ཚོས་བུད་མེད་ཀྱི་སྐྱིད་སྡུག་ལ་བསམ་ཤེས་མི་བྱེད་པའི་ཚོར་སྣང་སྦྱིན། བུད་མེད་ཚོར་ཚེ་གཡོག་ཏུ་བརྩི་བའི་འདུ་ཤེས་དེས་ཁོ་མོ་ཚོའི་ཁ་ཞེ་གཉིས་ཀྱི་བརྩེ་དུང་ལ་དྲིན་ལོག་བྱས་པར་སྣང་། ད་དུང་ཆགས་སྤྱོད་ཀྱིས་སུན་གཙེར་བྱེད་པ་དེས་ཁོ་མོ་ཚོས་གོང་བཀུར་ཆེར་མཐོང་བརྩིས་པར་རྡོག་རོལ་བཏང་ཞིང་བཤུ་གཞོག་རང་རྒྱལ་གྱི་བྱ་སྤྱོད་ལས་མ་འདས་པར་འདོད། དེ་མཚུངས་གཅར་རྡུང་དང་གདུག་རྩུབ་ཀྱིས་བུད་མེད་ཚོ་གཏིང་འཛིན་བྱེད་པ་དེས་ཁོ་མོ་ཚོའི་སེམས་ཁམས་སུ་སོས་ཐབས་མེད་པའི་རྨ་ཁ་བཟོས་ཤིང་རང་དབང་གི་བྱེད་སྒོའི་ལམ་ཁ་ཡོངས་སུ་བཀག་པར་ཚོར། ཕོ་མོ་འདྲ་མཉམ་མིན་པའི་གནས་སྟངས་འོག་བུད་མེད་གཅིག་པུས་སྡུག་སྦྱོང་མྱོང་དགོས་དོན་ཅི་ཡིན་ནམ། བྱ་སྤྱོད་དེ་དག་གིས་ང་ཚོའི་བོད་མི་སུ་འདྲ་ཞིག་ཡིན་ཡང་། དེའི་ཨ་མ་དང་སྲིང་མོ། སྐྱེ་མེད་དང་དགའ་རོགས། གྲོགས་མོ་དང་བུ་མོ་ཚོ་ལའང་ཡིད་མི་སྤྲོ་བའི་ཤུགས་རྐྱེན་ཆེས་ཆར་སྤྲད་ཡོད། བུད་མེད་དང་འབྲེལ་འདྲིས་ཡོད་པའི་སྐྱེས་པ་དག་ལ་ཁོ་མོ་ཚོར་འཛིན་པའི་མཛའ་མཐུན་གྱིས་གཅེས་ཤིང་དགའ་བའི་བརྩེ་བ་དང་། གུས་ཤིང་བཀུར་གཟོའི་མི་གཤིས་མེད་པ་ཡིན་ནམ། ངས་འདི་ནས་བཤད་འདོད་ཞིག་ལ། གལ་སྲིད་སྐྱེས་པ་ཚོ་བུད་མེད་ཞིག་ཡིན་པའི་དབང་དུ་བྱས་ནས་བུད་མེད་ཀྱི་གནས་བབས་སུ་བསམ་བློ་བཏང་སྟེ། དེའི་སེམས་ངལ་དང་ཞེ་འཁོན། ཡིད་ཆེས་མི་ཐུབ་པ་སོགས་ཀྱི་གནས་སྟངས་བསྒོམས་ན། ད་བཟོད་བུད་མེད་ཚོའི་མྱོང་ཚོར་དེ་དག་གང་འདྲ་ཡིན་མིན་གྱི་སྣང་བརྙན་གསོན་པོ་ཞིག་སྟེར་ཐུབ་པར་སེམས།

ཕོ་མོ་འདྲ་མཉམ་མིན་པའི་ཛ་དྲག་གི་སྡུག་ཚོར་གྱི་རྒྱུ་རྐྱེན་ལ་བརྟེན་ནས་བྱུང་བའི་དངངས་སྐྲག་གིས་གྲུབ་པའི་སེམས་ཚོར་གནག་མ་དག་ཁྱིམ་ཚང་དང་མི་སྒེར་སོ་སོའི་མི་ཚེའི་ཆ་ཤས་སུ་ངོན་ལེན་བྱས་ནས་མ་གོ་མ་རིག་མདོག་མདོག་བསྡད་ན། དུས་ནམ་ཡང་སྤྱི་ཚོགས་ཧྲིལ་པོར་གཅིག་སྒྲིལ་ཡོང་ཐུབ་མེད། བུད་མེད་ལ་འཛིན་པའི་ལྟ་ཚུལ་དེས་བྱིས་པ་སྐྱེད་སྲིང་དང་གཉོར་སྐྱོང་ལ་ཤུགས་རྐྱེན་གང་མང་ཐེབས་པས་ང་ཚོའི་མི་རྒན་པའི་བྱ་སྤྱོད་ཀྱི་ཕན་གནོད་ལ་འགན་འཁུར་དགོས། དེས་ན། སྐྱེས་པས་བྱིས་པར་དོ་སྣང་དང་གཉོར་སྐྱོང་མི་བྱེད་པར་ཕ་ཞིག་གི་མིང་འཛིན་པ་ནི་རང་གཞན་གང་ལའང་ཕན་ཐོགས་མེད་ཅིང་བྱིས་པའི་མདུན་ལམ་ལ་འགན་མ་འཁུར་བར་བགྲངས་ན་ཚར་རྒྱུ་མེད་པ་ཡིན། ཕོ་གསར་ཚོས་དགའ་རོགས་ལ་བྱིས་སྦྲུམ་པ་དང་ཁོ་མོ་གཡུགས་ནས་རྐུ་མ་བཞིན་གར་སོང་ཆ་མེད་དེ་བྱིས་པ་དེ་ཕ་མེད་ངང་འཚར་ལོང་བྱ་དགོས་པ་སོགས་ཀྱི་གནས་སྟངས་ཡ་ང་མང་པོ་ཡོད། གནད་དོན་འདི་ཐག་གཅོད་བྱ་རྒྱུར་ལས་སླ་ཞིང་ཛ་དྲག་ཀྱང་རེད། དེས་ན། སྐྱེས་པས་རང་ཉིད་ལ་གོང་བཀུར་ཆེར་མཐོང་བརྩི་དགོས་ཤིང་བྱམས་དང་སྙིང་རྗེ་ཡིས་ལྟ་སྐྱོང་དང་གཅེར་བར་འདོད་པ་ནང་བཞིན་བུད་མེད་ལའང་དེ་དག་གཅིག་མཚུངས་དགོས། བསྒྱུར་བཅོས་ཤིག་ལ་བསྒུག་དགོས་དོན་གང་ཡང་མེད་པར་བརྟེན། སྐྱེས་པ་སྒེར་བ་སུ་ཞིག་ཡིན་ཡང་བུད་མེད་ཀྱི་མི་ཚེའི་སྐྱིད་སྡུག་ལ་བསམ་བློ་བཏང་ནས་ཐག་གཅོད་ཀྱི་བྱ་བ་དེ་ག་རང་དུ་བསྒྱུར་བཅོས་བྱེད་མགོ་གཟུག་དགོས། སྐྱེས་པ་སུ་ཡིས་དེར་རྒྱབ་སྐྱོར་བྱ་ན། སྒེར་རང་རང་སོ་སོ་ནས་མགོ་བཙུགས་སྟེ་བུད་མེད་ལ་བསམ་ཤེས་དང་རོགས་རམ་བྱ་དགོས་པ་ཡིན། དེ་ལྟར་ལག་བསྟར་བགྱིས་ན་སྐྱེས་པ་རང་ཉིད་གྱི་དགོས་མཁོ་ཡང་ཡིན་ཞིང་། ལྷག་པར་དུ་བོད་ཀྱི་བུད་མེད་ཀྱི་ལས་དབང་དང་བོད་ཀྱི་ཕོ་མོ་གཉི་ཀའི་སྤྱི་ཚོགས་ཧྲིལ་པོར་ཡར་འདེགས་བྱེད་ཅིང་དོན་སྙིང་ལྡན་པའི་མི་ཡི་སྤྱི་ཚོགས་བདེ་སྐྱིད་ཀྱི་དཔལ་ཡོན་དེ་ཡར་རྒྱས་གཏང་ཐུབ་པ་ཡིན།

ཕོ་མོ་མཉམ་གནས་ཀྱི་དགོས་མཁོ་དང་ལག་ལེན།

 

དམ་ཆོས་བསམ་འཕེལ་ནས།

ངས་གླེང་འདོད་པ་ནི་གོ་ལ་ཟླུམ་པོའི་འདིའི་སྟེང་དུ་གནས་པའི་སྐྱེ་བོ་སུ་ཞིག་ཡིན་རུང་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པའི་སེམས་གཤིས་རང་བཞིན་ལྷན་སྐྱེས་སུ་གྲུབ་པ་གནས་ལུགས་དང་ཆོས་ཉིད་ཡིན་པ་དེ་རེད། དེར་བརྟེན། བོད་མི་རིགས་ཀྱི་ཕོ་མོའི་ལས་དབང་གི་གནས་བབ་དང་དེ་འབྲེལ་གྱི་བདེ་སྡུག་གི་འཚོ་བ་སྟེ། ཕོ་མོ་གཉིས་ཀས་གྲུབ་པའི་འགྲོ་བ་མིའི་སྤྱི་ཚོགས་ཆེན་པའི་ཁོར་ཡུག་ཁྲོད་བསམ་ཤེས་དང་བཟོད་སྒོམ་གྱི་འདུ་ཤེས། འདྲ་མཉམ་དང་དྲང་བདེན་གྱི་འགྲོ་འདུག་བྱེད་གསུམ། དེའི་ཐོབ་དབང་དང་སྐྱིད་སྣང་གི་འཚོ་བའི་སྙིང་བོ་བཙལ་རྒྱུ་དེ་རེད།

སྤྱིར་སྐྱེས་པ་རྣམས་ནི་ལུས་ཀྱི་སྟོབས་ཤུགས་ཆེ་ཞིང་གདུག་རྩུབ་ཀྱི་རང་བཞིན་ལྡན་པ། ལས་དོན་གང་སྒྲུབ་ལ་ཕུག་རྒྱང་ཕུགས་རྒྱང་གི་བསམ་བློ་མི་འཁོར་ཞིང་ཞིབ་ཚགས་ཆུང་བ་སོགས་ཡིན། བུད་མེད་རྣམས་ནི་ལུས་ཀྱི་སྟོབས་ཤུགས་ཞན་ཞིང་ཞི་སེམས་ཀྱི་རང་བཞིན་ལྡན་པ། ལས་དོན་གང་སྒྲུབ་ལ་ཕུགས་རྒྱང་གི་འདུན་པ་བཅངས་ཤིང་ཞིབ་ཚགས་ཆེ་བ་སོགས་ཡིན། ཕ་མ་དང་བུ་ཕྲུག་ལ་བྱམས་ཤིང་གཉོར་སྐྱོང་བྱེད་པར་དགའ། དེ་འདྲའི་གནས་སྟངས་འོག་སྐྱེས་པ་རྣམས་ཀྱིས་ཕྱི་ཡི་འཚོ་བའི་ལས་དོན་སྒྲུབ་ཞོར་ཡུལ་ལུང་བདེ་སྲུང་གི་འཐབ་འཛིང་དང་བདག་དབང་འགྲན་རྩོད་ཀྱི་ལས་སུ་ཞུགས། བུད་མེད་རྣམས་ཀྱིས་ཁྱིམ་གྱི་འཚོ་བའི་ལས་དོན་སྒྲུབ་ཞོར་རྒན་རྒོན་དང་བྱིས་པར་ལྟ་སྐྱོང་བྱེད་པའི་ལས་སུ་ཞུགས། འཚོ་སྟངས་དེ་དང་གནས་བབ་དེ་ལས་ཡོད་ཚད་སྐྱེས་པ་ཕོ་ཡིས་དབང་བསྒྱུར་གྱིས་ཡུལ་སྲོལ་གོམས་གཤིས་འགོ་བཙུགས་ཏེ་ས་ཆའི་བདག་དབང་དང་འཚོ་བའི་གནས་བབ་ཐམས་ཅད་སྐྱེས་པ་ཕོ་ལ་རག་ལས་པར་གྱུར། དེ་ལྟ་ན་སྤྱི་ཚོགས་དང་འཚོ་བ་རིམ་གྱུར་གྱིས་ཆབ་སྲིད་བརྟན་ལྷིང་དང་ཆོས་ལུགས་གནས་པའི་དགོས་དབང་ལག་བསྟར། ལྟ་གྲུབ་རྣམ་བཞག་གསར་གཏོད་ཀྱིས་ཀྱང་ཕོ་ཡི་གོ་གནས་དང་དབང་ཤུགས་ཇེ་མཐོ་དང་མོ་ཡི་ཐོབ་ཐང་དང་རང་དབང་ཉམས་པར་གྱུར་ཏེ་སྐྱེ་བ་ཕོ་ནི་མཆོག་དང་སྐྱེ་བ་མོ་ནི་དམན་པའི་བསམ་བློའི་འདུ་ཤེས་བྱུང། དེ་ནི་འཛམ་བུ་གླིང་གི་རྒྱལ་ཁབ་སྤྱི་ཡོངས་ཀྱི་སྤྱི་ཚོགས་ནང་ཁྱབ་བརྡལ་གཅིག་མཚུངས་སུ་གྱུར་བར་བརྟེན། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་བསམ་བློའི་འཛིན་སྟངས་དེ་རྒྱུན་འབྱམས་ཀྱི་ཚོར་བ་ཞིག་ཏུ་བརྩི་བཞིན་པ་རེད། མི་རིགས་དཀར་ནག་སེར་གསུམ་གྱི་སྐྱེ་བུ་རབ་འབྲིང་ཐ་གསུམ་སུ་ཞིག་ཡིན་ཡང་དེའི་རྒྱུད་དུ་ངམ་ངམ་ཤུགས་ཤུགས་ཀྱིས་ཕོ་མོར་ དབྱེ་བ་འབྱེད་པར་བྱེད་པའི་ཚོར་བ་མངོན་ལྐོག་ཤུགས་གསུམ་གང་རུང་ན་འབུར་གྱིན་པ་ཞིག་ཀྱང་རེད།

དུས་རབས་ཉེར་གཅིག་པ་སྟེ། ཕྱིའི་དངོས་པོའི་རྡུལ་ཕྲན་རེ་རེ་དང་ཕུང་བོ་རེ་རེའི་བར་ཆ་བགོས་ཀྱིས་རང་རང་གི་བྱེད་ལས་གྲུབ་ཆ་དང་གནས་ལུགས་རང་བཞིན་སོགས་ལ་དཔྱད་ཅིང་བརྟག་སྟེ་ཚན་རིག་ལག་རྩལ་གྱི་ཤེས་བྱའི་ནུས་པས་ཕྱིའི་དངོས་པོའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ཚད་བཀག་མེད་པ་དང་དངོས་མཐོང་ལག་ཟིན་གྱི་གྲུབ་འབྲས་མཆོག་ཏུ་གྱུར་པ་བྱུང་དང་འབྱུང་བཞིན་པ་ཤེས་གསལ་ལྟར། དེའི་སྤྱི་ཚོགས་འཁོར་བསྐྱོད་ཀྱི་ཁྲོད་དུའང་ནང་སེམས་ཀྱི་བདེ་སྐྱིད་ཆེད་འགྲོ་བ་མི་རེ་རེའི་འགྲོ་འདུག་བྱེད་གསུམ་གྱི་རྒྱུད་རིམ་དེར་སྒེར་སོ་སོའི་གནས་བབ་ཀྱི་རང་དབང་དང་ཐོབ་ཐང། དྲང་བདེན་དང་འདྲ་མཉམ་གྱི་སྐྱིད་སྡུག་གི་འཚོ་བ་བཙལ་ཞིང་རོལ་བར་ཕྱོགས་ཡོངས་ནས་འབད་བརྩོན་དང་གོ་སྐབས་རྩོད་ལེན་བྱེད་ཀྱིན་པ་རེད། དེ་བས་ན། ནུབ་ཕྱོགས་པས་ཕོ་མོ་གཉིས་ཀར་འདྲ་མཉམ་གྱི་ཐོབ་དབང་བེད་སྤྱོད་དང་རིགས་རུས་དབྱེར་མེད་ཀྱི་ལམ་ལུགས་བཏོད་ནས་ཉིན་རེའི་འཚོ་བའི་ནང་ལག་བསྟར་དར་སྤེལ་དང་རྒྱ་ཁྱབ་ཆེ་རུ་འགྲོ་བཞིན་པ་རེད་ལ། སྐྱེ་བ་མོ་སྟེ་བུད་མེད་ལ་འཛིན་པའི་བསམ་བློ་འདུ་ཤེས་ཀྱང་སྤྱི་སྒེར་གཉིས་ཀྱི་ངོས་ནས་གུ་ཡངས་ཤིང་ཕུགས་རྒྱང་རིང་བའི་གདེང་སྤོབས་ཀྱི་ཡིད་ཆེས་དང་བརྩི་བཀུར་བྱེད་ཀྱིན་པ་ཞིག་རེད། ཡིན་ཡང། ཤར་ཕྱོགས་པའི་བུད་མེད་རྣམས་ལ་མཚོན་ན་གནས་བབ་དེའི་ཕྱེད་ཀའི་ཐོབ་དབང་ལའང་རྨི་ལམ་བཏང་མྱོང་མེད་ལ། ཡང་དགོས་སུ་ང་ཚོ་བོད་པའི་བུད་མེད་རྣམས་ནི་དེ་བས་ཀྱང་རྒྱང་རིང་ཞིང་སྲོལ་ངན་ཀླད་ལྗང་གི་འདུ་ཤེས་ཀྱི་གཡང་གཟར་དང་། གུ་དོག་གི་བསམ་བློ། བཤད་ཡམས་ནག་པོའི་མདའ་མདུང་གི་རྩེ་མོའི་བར་ན་འགུལ་བ་ཙམ་གྱིས་རང་ཉིད་ཀྱི་མདུན་ལམ་དེའང་རྩ་བརླག་ཏུ་འགྲོ་བའི་གནས་སུ་ལྷག་ཡོད།

ང་ཚོས་ཉིན་རེའི་འཚོ་བའི་ཁྲོད་ཀྱི་འགྲོ་འདུག་བྱེད་གསུམ་གྱི་ཁ་བརྡའི་སྐབས་སུའང། ཁོ་ནི་སྐྱེ་དམན་དང་མཚུངས། སྐྱེ་དམན་ནི་ནམ་ཡང་སྐྱེས་པ་ཕོ་ལས་དམན་ཞིང་ཐ་ཤལ་བར་བརྩི། དེ་ཚོར་ཡིད་རྟོན་མི་རུང་ཞིང་གསང་བ་བཤད་མི་རུང། དེ་ཚོས་རྒྱུན་དུ་ཆག་སྒོ་སློང་བ་དང་གྱོད་ཁ་འབྱེད་པ་ཞེས་བརྗོད་པ་ལ་གཞིགས་ཚེ། དེས་བོད་གངས་ཅན་པ་ཚོས་བུད་མེད་ཀྱི་ཐོབ་དབང་འཇལ་བའི་འདུ་ཤེས་དང་མཆོག་དམན་དགར་བའི་བསམ་བློའི་སྡོམ་ཚིག་ངོ་མ་དེ་མཚོན་ཐུབ། ལོ་རྒྱུས་དང་གནས་ལུགས་ལ་རྟོག་དཔྱོད་བྱས་ཚེ་རྗོད་པ་སྙན་འཇམ་དང་རྣམ་པ་སྟོན་སྟངས་ཀྱི་ཁྱར་པར་ཙམ་ལས། བོད་མི་སྐྱ་སེར་ཡོངས་རྫོགས་ཀྱི་བསམ་བློའི་འདུ་ཤེས་ལ་ཧེ་བག་གང་ཡང་ཤོར་མེད། བོད་པ་ཚང་མས་ཉིན་རེའི་འཚོ་བའི་ནང་གི་བསམ་བློ་དང་ལག་ལེན་གཉིས་ཀྱི་བར་ན། དོ་མི་ཉམས་པའི་རང་བཞིན་དུ་གནས་པའི་འདུ་ཤེས་ཀྱི་ བག་ཆགས་ཟབ་མོ་ཞིག་ཡོད་པ་ནི། བུད་མེད་ལ་འཛིན་པའི་སྲོལ་ངན་ལང་ཤོར་གྱི་ལྟ་བ་དང་བྱ་སྤྱོད་དེ་རེད། དེ་ནི་དོན་དག་ཆུང་ཆུང་ཤིག་མིན་ལ་མ་ཤེས་མ་གོ་དང་མ་རིག་མ་མཐོང་གི་ཚུལ་དུ་དེ་བས་ཀྱང་འཇོག་རུང་བ་ཞིག་མིན་པར་སྙམ།

བོད་ཀྱི་སྤྱི་ཚོགས་ཧྲིལ་བོའི་ཆ་ནས་གླེང་ན། བུད་མེད་ནི་རྙོག་དྲ་དང་ཆག་སྒོ་ཐམས་ཅད་ཀྱི་སྣ་འདྲེན་ཡིན་ཞིང་སྐྱོན་གྱི་རང་བཞིན་ལྡན་པར་འདོད། བུ་སྐྱེས་ན་དགའ་ཞིང་སྤྲོ་ལ། བུ་མོ་སྐྱེས་ཚེ་ངོ་གནོངས་ཤིང་ཡིད་མི་བདེ་བ་འབྱུང། ཕོ་རྣམས་གོང་ནས་འདུག་ཅིང་མོ་རྣམས་གཤམ་དུ་འདུག་དགོས། མོ་ལྭ་ཕོ་ཡི་མགོ་བོར་གཡུག་ཚེ་ཁོ་བོར་བཙོག་གྲིབ་ཀྱིས་སྤགས་ཏེ་རླུང་རྟ་ཆགས་ཤིང་དབང་ཐང་ཉམས་པར་བརྩི་ལ། བུད་མེད་ཕོ་ཡི་གྱོན་ཆས་ཐོག་འགོམ་ན་དེ་ལས་ཀྱང་ངན་པར་བརྩི། འདུ་ཤེས་དེ་དང་བྱེད་སྟངས་དེ་ལས་བུད་མེད་ཀྱི་འགྲོ་འདུག་བྱེད་གསུམ་ལ་བཀག་སྡོམ་དང་གནོན་ཤུགས་འབྱིན་ཞིང། ཁོ་མོ་ཚོའི་མདུན་ལམ་གྱི་རང་དབང་དང་ཐོབ་ཐང་སོགས་ལ་སྔ་ཕྱི་བར་གསུམ་དང་དངོས་ཤུགས་རྒྱུད་གསུམ་ནས་བརྡབ་གསིག་ཆེས་ཆེར་སྤྲད་དང་སྤྲོད་བཞིན་པ་རེད། ང་ཚོས་འདི་ལྟར་བུད་མེད་རྣམས་ལ་དམེ་ཞིང་སྡིགས་པ་དང། རྩིས་ཐང་མེད་ཞིང་མཐོང་ཆུང་བརྙས་བཅོས་བྱེད་པ་སྟེ། ཨ་མྱེས་ཡང་མྱེས་ནས་བརྒྱུད་ཅིང་རྒྱུ་མཚན་དང་གནས་ལུགས་བྲལ་བའི་སྲོལ་ངན་དག་གིས་ཁོང་ཚོའི་མི་ཚེ་ཧྲིལ་བོའི་མདུན་ལམ་ལ་ཐག་གཅོད་ནན་མོ་བྱེད་ཞོར་འཇིག་རྟེན་གྱི་འཚོ་བའི་བདེ་སྐྱིད་དང་ཁེ་ཕན་ཐམས་ཅད་སྐྱེ་བ་ཕོ་ཡིས་བཙན་དབང་གིས་ལེན་པའི་བསམ་ཚུལ་དེ་དག་སྣང་མེད་དུ་འཇོག་མི་རུང་བ་ནི་གནད་དོན་གལ་ཆེན་ཞིག་རེད། བོད་ཀྱི་སྤྱི་ཚོགས་ཁྲོད་སེར་སྐྱ་དབྱེར་མེད་དང་རྒན་གཞོན་ཁྱད་མེད་ཀྱིས་བུད་མེད་རྣམས་ཀྱི་འདོད་མདུན་དང་བྱ་སྤྱོད་ལ་བཟོད་སྒོམ་དང་བསམ་ཤེས་བྱེད་རྒྱུར་ཕར་ཞོག དེ་ལས་ལྡོག་སྟེ་བླ་བཙགས་དང་ངན་བཤད་སྣ་ཚོགས་ཁོ་ན་ཡིས་གླེང་སློང་བྱེད་པ་ལས། གནས་སྟངས་དེ་དག་གིས་བུད་མེད་རྣམས་ལ་སྡུག་བསྔལ་ཅི་ཙམ་ཞིག་བྱིན་ཡོད་པར་བསམ་གཞིག་ཙམ་ཡང་བྱེད་མྱོང་མེད་ཞེས་ལབ་ནའང་མ་ཆོག་པ་མེད་པར་འདོད།

ཐ་ན་ཆོས་ལུགས་ཀྱི་བྱེད་སྒོའི་ཐད་ནས་ཀྱང་ཕོ་ལུས་མ་བླངས་པར་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་བཏུབ་ཅིང་བཙུན་མ་མང་ན་སངས་རྒྱས་ཀྱི་བསྟན་པ་ནུབ་པའི་རྟགས་སུ་འཛིན། མགོན་ཁང་དང་བཙན་ཁང་ཁག་ཅིག་ལ་བུད་མེད་འགྲོ་ཆོག་པའི་བཀའ་ཁྲོལ་མེད་པ་སོགས་ནི་གྲོང་ཆོས་ཀྱི་སྲོལ་ངན་དང་འདྲེས་པ་ལས་ནང་དོན་རིག་པའི་ལྟ་བ་བརྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ། ཆོས་རྣམས་རྣམ་རྟོགས་དང་སེམས་ཀྱི་རང་བཞིན་ཙམ་དུ་གྲུབ་པ། སེམས་ཅན་ཐམས་ཅད་མར་ཤེས་ཤིང་དྲིན་དྲན་པ། བདག་གཞན་མཉམ་བརྗེ་ཡི་བློ་སྦྱོང་སྒོམ་སྒྲུབ། ལྷག་པར་ཏུ་གསང་སྔགས་ཐེག་པ་ཆེན་པོའི་དམ་ཚིག་ལ་མཐུན་མིན་དང་དེ་ཡི་དགོངས་དོན་རྣམ་བཞག་ཡིན་མིན་ལའང་བརྟག་ཅིང་དཔྱད་པའི་ངལ་བ་བསྟེན་དགོས་པར་སེམས། བླ་སྤྲུལ་མཁན་གསུམ་གྱི་ཡང་སྤྲུལ་ཏེ། ངོས་འཛིན་སྲོལ་རྒྱུན་གྱི་རྒྱན་ཤོག་ཁྲོད་དུའང་བཙུན་མའི་སྡེ་རུ་ས་མིག་རེ་སྤྲད་དེ། བུད་མེད་ཀྱི་ཁེ་དབང་ལ་གོ་སྐབས་གཅེས་སྤྲོད་དང་ཕོ་མོ་འདྲ་མཉམ་ཀྱི་སྤྱི་ཚོགས་ཁོར་ཡུག་གི་ཆེད་དམ། འགྲོ་བ་རིགས་དྲུག་གི་དོན་དུའང་ནང་པ་སངས་རྒྱས་པ་ཞིག་གི་ངོས་ནས་བསམ་བློ་གུ་ཡངས་ཤིང་བློ་རྒྱ་ཆེ་བའི་ཐོག་ཞབས་འདེགས་བསྒྲུབ་རྒྱུ་ཡང་གལ་ཆེ་བར་སྙམ།

སྤྱིར་བཟའ་ཚང་གི་ཁྱིམ་གཞི་འཛིན་སྐྱོང་སྐབས་སུའང། ཁྱོ་ག་ནི་བཟའ་དཔོན་ཏེ་འཚོ་ལས་ཐད་ཀྱི་བྱ་རིམ་ཡོངས་རྫོགས་དབང་ཆོད་ཀྱིས་འགྲིག་ན་བཟང་ཞིང་མ་འགྲིག་ནའང་ཡོད་ཚད་ཐམས་ཅད་ཁོ་བོས་བཙན་དབང་དང་ཨུ་ཚུགས་ཀྱིས་ཐག་གཅོད་བྱེད། སྐྱེ་དམན་གྱིས་བྱ་བ་གང་རུང་ལ་བྱུས་གཏོགས་བྱས་སྐབས་ཐོབ་སྐལ་མེད་སར་སྐེ་བསྲིངས་པར་བརྩིས་ཏེ་ཁ་ལོག་ཚིག་ལོག་གིས་དམེ་ཞིང་སྡིགས་པ་ཡིན། གལ་སྲིད་བྱ་བ་དེ་ཁྱོ་གའི་འདོད་ཐོག་ཏུ་མ་སོང་ཚེ། རྫིག་པོ་དང་འཇིགས་སྐུལ་གྱིས་ཁོ་མོར་གཅར་རྡུང་གི་བྱ་བ་ཡང་འབྱུང་སྲིད། ཁྱོ་ཤུག་གཉིས་ཀ་འདྲ་མཉམ་གྱི་བྱ་བར་ཞུགས་མཁན་ཡིན་ནའང། བྱིས་པ་གཉོར་སྐྱོང་དང་ཟ་མ་གཡོ་སྐོལ། སྣོད་ཆས་དང་གྱོན་ཆས་འཁྲུད་པ་སོགས་ཁྱིམ་ལས་ཀྱི་བྱ་བ་ཕལ་མོ་ཆེ་སྐྱེ་དམན་གྱིས་བྱེད་པ་ཡིན། གལ་སྲིད་ཁྱོ་གས་སྐྱེ་དམན་གྱི་ནུ་ཤུབ་དང་གསང་དོར། རྐང་ཤུབ་(ཨོ་སོ)་སོགས་ལ་ལག་པས་རེག་པ་དང་དེ་དག་ཁོ་བོའི་མགོ་བོར་གཡུག་པ་སོགས་བྱུང་ཚེ། བཙོག་གྲིབ་ཀྱིས་སྤགས་ཏེ་རླུང་རྟ་དང་དབང་ཐང་ཉམས་ཤིང་བཀྲ་མི་ཤིས་པ་སོགས་འབྱུང་བར་བརྩི། དགོད་བྲོ་བ་ཞིག་ལ་ཁྱོ་གས་སྐྱེ་དམན་གྱི་རྐང་གཉིས་ཕྲག་ཁར་ཁུར་ཤིང་ལག་གཉིས་མྱོས་བུམ་གྱི་དུང་དཀར་ཆ་གཉིས་འཆིང་ཞོར། ཁོ་མོའི་མཉེན་ཞིང་འཇམ་པའི་བརླ་བར་གྱི་དྲོད་ཁུག་ན། ཆེས་མཆོག་དུ་བརྩི་བའི་རིན་ཆེན་གྱི་མགོ་བོ་དེ་འདོན་མདུན་ཀྱི་བདེ་བའི་ན་ཟུག་གིས་བརྒྱལ་ཤིང་སྔངས་པར་བྱེད་པའི་སྐབས་སུ། བཙོག་གྲིབ་ཀྱི་དྲི་མ་ཙམ་ཡང་མ་སྦགས་པ་དེ་ཆས་ཡ་མཚར་བ་ཞིག་མ་རེད་ཨང། ཁྱོ་ག་ལ་ལར་དམིགས་ཡུལ་དང་དོན་བྱ་གང་ཡང་མེད་ཅིང་ཉིན་གང་བོར་ཁྱི་སྡོམ་བཞིན་ས་འཁྱམ་རྡོ་འཁྱམ་གྱི་ལས་སུ་ཞུགས་ཏེ། དགོང་དྲོ་ཕྱིར་རང་ཁྱིམ་དུ་ལོག་སྐབས་སྐྱེ་དམན་གྱིས་དགོང་ཟས་སོགས་གྲ་སྒྲིག་ཨང་གསར་བྱུང་མེད་ཚེ། དབང་ཡོད་ཤེད་འཁྱེར་གྱིས་བཟའ་འཁོན་སློང་ཞིང་འཁྲུག་པ་རྒྱག་པ་ལས་ཁོ་མོས་ཉིན་གང་བོར་བྱིས་པ་གཉོར་སྐྱོང་དང་ཁྱིམ་གྱི་སྡུག་ལས་མུག་ལས་ཐམས་ཅད་བསྒྲུབས་པར་བསམ་བློ་ཙམ་ཡང་བཏང་མྱོང་མེད། ཡང་སྐྱེ་དམན་ལས་ངན་མ་ལ་ལས་བཟོད་བསྲན་དང་སྡུག་རེས་ཀྱིས་ལས་ཀ་ཙག་ཙིག་རེ་བྱས་ཏེ་གང་ནུས་ཀྱིས་དངུལ་ཕྲན་བུ་རེ་བསགས་པའང་ཁྱོ་གས་ཧམ་སེམས་དང་འདོད་རྔམས་ཀྱིས་བེད་སྤྱད་དེ་ཤོ་རྒྱག་དང་རྒྱན་འཛུགས། ཆང་རག་དང་ཐ་མ་ཁོ་ནར་བརྗེས་པའང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་མཐོང་རྒྱུ་མང་ལ། བྱ་སྤྱོད་དེ་ཡིས་སྐྱེ་དམན་ལ་སྡུག་བསྔལ་ཚད་མེད་སྦྱིན་ཞིང་ཁྱིམ་ཚང་གི་འཚོ་བའི་འཕེལ་རྒྱས་ལའང་གོད་ཆག་ཆེས་ཆེར་སྤྲད་ལ། ཐ་ན་རང་ཉིད་ཀྱང་མིའི་སྤྱི་ཚོགས་ཁྲོད་ནས་རྒྱང་ཕུད་དུ་བཏང་ཞིང་རང་གཞན་གཉིས་ཕོང་གི་རྒྱུ་རྐྱེན་ཁོ་ནར་བསྐྲུན།

བོད་ཀྱི་སྲོལ་རྒྱུན་རིག་གཞུང་སྤྱིའི་ཆ་ནས་བུ་ནི་ཕ་ཤུལ་རྒྱུན་འཛིན་དུ་བཀོད་ཅིང་། བུ་མོ་ནི་གཞན་ལ་མནའ་མར་སྟེར་བའི་ལུགས་སྲོལ་གྱིས་ཀྱང་བོད་ཀྱི་བུ་མོ་ཚོའི་ལས་དབང་ལ་སྡོམ་ཚིག་གི་རི་མོ་གསལ་པོར་བྲིས་ཡོད། བུ་མོ་གཞོན་ནུ་མ་ཞིག་གིས་ལང་ཚོ་དར་མགོ་ཚུགས་པ་ནས་ཕ་མ་དང་ཉེ་དུ་ཀུན་གྱིས་ཁོ་མོའི་འགྲོ་འདུག་བྱ་གསུམ་གྱི་ཐད་ལ་སྟངས་འཛིན་དང་སོ་ལྟ་ནན་མོ་བྱེད་ལ། ཁོ་མོར་རང་འདོད་ཀྱིས་ལས་གང་ལའང་ཞུགས་ཆོག་པའི་གནང་བ་མེད་ཅིང་སྤྱི་ཚོགས་ཧྲིལ་བོའི་བཤད་ཡམས་ཀྱི་རླུང་འཚུབ་ལ་ནམ་དུ་ཡང་གཟབ་གཟབ་ནན་ནན་གྱིས་འཛེམ་ཞིང་གཡོལ་ཐབས་བྱེད་དགོས། ན་གཞོན་བུ་མོ་དར་མ་ཞིག་གིས་ཕོ་གསར་ཞིག་དང་ལྷན་དུ་འགྲོགས་ཤིང་རྩེ་དགོད་སློང་དེ་སློང་སྟེ། དགའ་སྡུག་གི་ཚོར་སྣང་བརྗོད་པ་ཙམ་གྱིས་ཁོ་མོའི་མདུན་ལམ་ལ་བཤད་ཡམས་ཀྱི་བར་ཆད་འབྱུང་སྲིད་ལ། ཕ་མས་ཀྱང་གཞོན་ནུ་མ་དེའི་བདེ་སྡུག་གི་སེམས་ཚོར་ལ་བསམ་བློ་གང་ཡང་མ་བཏང་བར་ཁྱིམ་ཚང་གི་མཚན་སྙན་ཁོ་ན་མཐོང་ཆེན་དང་བསམ་གཞིག་བྱེད་པ་ཡིན། ད་དུང་ཤ་ཉེ་ཀུན་དང་ཡུལ་གྲོང་ཚོ་བའི་ཞབས་འདྲེན་ཡང་ཡིན་པར་བརྩི། ཐ་ན་བུ་མོ་ལོ་གཞོན་ཞིག་གིས་དེང་རབས་ཐོན་གསར་གྱི་གྱོན་ཆས་གོན་ཏེ་ཞལ་རེས་ཚོན་བྱུག་གིས་ཡག་སྒོའི་རྒྱན་སྒེག་སྤྲས་ཤིང་། ཆང་རག་ཁམ་གང་ཁ་རུ་རེག་པ་དང་ཐ་མ་རྐང་གཅིག་འཐེན་པ་ཙམ་གྱིས་ཀྱང་ཁ་ལོག་ཚིག་ལོག་ཉོ་ཞིང་། ཉེས་མེད་དོན་མེད་ཀྱི་གཤང་མ་དང་འཕྱོན་མ་སོགས་ཀྱི་ཉེས་མིང་བཏགས་ནས་ཁོ་མོའི་མདུན་ལམ་གྱི་རྒྱབ་མདུན་ལ་ཕོག་ཐུག་དང་བཀག་རྒྱ་སྟེར་བ་ལས་ཁོ་མོའི་སྐྱིད་སྡུག་གི་ལས་དབང་ལ་བསམ་གཞིག་སྤུ་ཙམ་ཡང་བྱས་མྱོང་མེད། དེ་ལས་ལྡོག་སྟེ་ཕོ་གསར་དར་མ་ཞིག་གིས་བྱ་བ་གང་བྱས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལེགས་ཉེས་དང་བཟང་ངན་མ་བཀར་བར་དེ་ནི་ཁོ་བོའི་འཇོན་ཐང་དང་དབང་ཐང་ཡིན་པར་བརྩི་བ་ནི་སྲོལ་ངན་གྱི་བསམ་རྒྱ་དང་མཐོང་རྒྱ་མེད་པའི་ཀླད་རྙིང་གི་ཁོར་ཡུག་ཆུང་ཆུང་ལས་སྒྲོལ་མ་ཐུབ་པས་སོ། །

དེས་ན་ང་ཚོས་ཕོ་མོ་གཉིས་ཀར་གོ་སྐབས་དང་སྤོབས་པ། སློབ་གསོ་དང་ཤེས་ཡོན། འདྲ་མཉམ་དང་དྲང་བདེན་གྱིས་མི་ཚེའི་མདུན་ལམ་གཅིག་མཚུངས་སྟེར་ཐུབ་ན་དེ་གཉིས་ལ་ཁྱད་པར་འབྱུང་དགོས་དོན་གང་ཡང་མེད་པ་ཚད་མས་གྲུབ། ང་ཚོས་འཇིག་རྟེན་གྱི་བྱ་བྱེད་ཐད་དུ་བུད་མེད་ལ་གོ་སྐབས་མ་སྤྲད་པའི་དབང་གིས་སྤོབས་པ་སྐྱེས་ཐུབ་མེད་ལ། དེའི་དབང་གིས་དུས་ནམ་ཡང་ཁོ་མོ་ཚོས་མགོ་བོ་སྒུར་ཞིང་བག་འཁུམ་ནས་སྡོད་དགོས་བྱུང། དེ་བཞིན་དུ་ཁོ་མོ་ཚོའི་སེམས་ལའང་ནམ་ཡང་མི་འཇོན་སྙམ་པའི་ཚོར་བ་ཞིག་ངམ་ཤུགས་ཀྱིས་བྱིན་ཞིང། ལས་དོན་གང་ལའང་འཇུག་མི་སྤོབས་ཤིང་སེམས་ཤུགས་ཞུམ་པར་གྱུར།

མཐའ་དོན། ང་ཚོས་བུད་མེད་རྣམས་ལ་འཛིན་པའི་འཁོན་སེམས་དང་སྡང་སྡིགས། གཉའ་གནོད་དང་གཅར་རྡུང་གི་སེམས་ངན་དོར་ཏེ་། ཁོག་རྒྱ་ཡངས་ཤིང་བློ་རྒྱ་ཆེ་བའི་སྒོ་ནས་དཔུང་པ་མཉམ་གཤིབ་དང་གདུང་སེམས་མཉམ་སྐྱེད་ཀྱིས་བོད་མི་རིགས་སྤྱི་ལ་དགོས་པའི་ཁེ་ཕན་དང་ཐུན་མོང་དུ་ཡོད་པའི་སྤྱི་ཚོགས་བདེ་སྐྱིད་ཀྱི་ནུས་ཤུགས་ཁོ་ནའི་ཆེད་སྐྱེ་བོ་རང་རང་གིས་ངོས་ནས་འབད་བརྩོན་བྱེད་དགོས་པར་སེམས། སྐྱོན་ཀུན་བྲལ་དང་ཡོན་ཏན་ཀུན་ལྡན་གྱི་སོ་སྐྱེ་ཡང་དག་པ་ཞིག་འཛམ་གླིང་ན་མེད་ལ། དངོས་པོ་གང་ཡིན་ཡང་རང་རང་ལ་བཟང་བའི་ཆ་དང་ཞན་པའི་ཆ་གཉིས་ལྡན་གྱི་གནས་ལུགས་རང་བཞིན་རྒྱུ་མཚན་དུ་དྲངས་ཏེ། སྐྱེས་པ་ཕོ་ཡིས་འཇོན་པ་མང་པོ་ཞིག་སྐྱེས་མ་མོ་ཡིས་མི་འཇོན་ལ། སྐྱེས་མ་མོ་ཡིས་འཇོན་པ་མང་དག་ཅིག་ཀྱང་སྐྱེས་པ་ཕོ་ཡིས་མི་འཇོན་པའི་གནས་ལུགས་ལ་བསམ་གཞིག་བྱས་ནས་ང་ཚོས་གཅིག་ལ་གཅིག་རྟེན་དང་གཅིག་ཕན་གཅིག་གྲོགས་ཀྱིས་ཕོ་མོ་གཉིས་ཀས་ཕུན་ཚུན་ལ་བསམ་ཤེས་དང་བཟོད་སྒོམ། འདྲ་མཉམ་དང་དྲང་བདེན་གྱི་སྒོ་ཀུན་ནས་མཉམ་གནས་དང་ཐུན་མོང་ལ་དབང་བའི་ཁོར་ཡུག་གི་ལམ་ཁ་དཀྱིལ་མ་ཞིག་བཙལ་ཏེ་ཕོ་མོ་གཉིས་ལྡན་གྱི་སྤྱི་ཚོགས་ཁྲོད་མི་ཚེ་དོན་དང་ལྡན་ཞིང་དགའ་དགའ་སྐྱིད་སྐྱིད་ཀྱི་སྤྲོ་སྣང་གིས་འཚོ་བ་རོལ་རྒྱུ་དེ་དོན་དམ་པའི་གནད་ཀྱི་དོད་པོ་ཡིན་པར་འདོད། །

བོད་མོའི་སྦས་སྐུང་གི་ལས་དབང་།

gonposonam—–སྨྱུག་སྨྱོན།

གོ་མེད་བག་ལ་ཉལ་བའི་སྲོལ་ངན་འགའ།།
གཤོལ་མེད་ངང་གིས་གོམས་འདིར་མཁས་པས་ཀྱང་།།
སྨྲ་མེད་རྗེས་མཐུན་བཏང་སྙོམས་བསྟེན་པ་ལ།།
ཟོལ་མེད་གཏམ་གྱི་མཚོན་རྣོན་གདེངས་དགོས་བྱུང་།།

འཛམ་གླིང་ཕོ་མོ་གཉི་ཀའི་ཡིན་ཡང་བོད་པའི་སྲོལ་ལ་ཕོ་ཡི་ཡིན།།
འདྲ་མཉམ་འཛམ་གླིང་སྤྱི་ཁྲིམས་གྱུར་ཡང་བོད་པའི་ཕོ་མོར་ལྷ་འདྲེའི་ཁྱད།།
ད་ཀོ་བོད་མོས་སློབ་གྲྭ་འགྲིམ་ཞིང་གླིང་ལྔའི་ཕོ་མོའི་ཚུལ་མཐོང་སྐབས།།
བོད་ཕོའི་ངན་མཚང་རང་མདོག་ཐོན་ཚེ་ཁྲེལ་དགོད་ཁོང་དགོད་འགྲན་བཞིན་ཤོར།།

བོད་ཀྱི་ཇུས་ཆེན་ཉེས་ཤིང་རྒུད་པའི་ལོ་རྒྱུས་ལྷ་ཡི་བཀའ་ཆད་དེ།།
བོད་ཕོ་རིམ་པའི་གཉའ་བར་འབབ་ལས་བོད་མོའི་ལས་ལ་ནག་ཉེས་མེད།།
དེ་ཡང་བོད་ཕོས་བོད་མོ་བརྙས་ཤིང་བཙན་དང་དབང་ཤེད་སྣ་དགུ་ཡིས།།
ལངས་རྒྱུ་མེད་པའི་ཡུལ་སྲོལ་ཁྲིམས་ཀྱི་ལྕགས་ནག་ཞགས་པས་བཀྱུགས་པས་སོ།།

བོད་ཕོ་དག་ལ་བོད་མོ་ཐུབ་པའི་གདུག་སྤྱོད་ངོ་སོར་ཁྱེར་བ་ལས།།
སྤྱི་ཆོས་ཁ་འཛིན་དགྲ་འདུལ་གཉེན་སྐྱོང་ཕོ་རབ་བྱུང་བ་རྡུལ་ཙམ་མེད།།
དགྲ་མགོ་མི་གནོན་ཕ་ཆོས་གྲུ་བཞི་འདྲ་འདྲའི་ཕོ་ལ་ཤོར་ན་ཡང་།།
ངོ་ཚའི་ཚབ་ཏུ་ཕྱི་འཇམ་ནང་རྩུབ་སྒོ་ཁྱིམ་བར་ན་སྟག་བཞིན་ངར།།

སྣང་སྲིད་སྐྱེ་དགུའི་བདག་མོ་ཆེ་དེ་དོན་གྱིས་བུད་མེད་ཡིན་ན་ཡང་།།
བུད་མེད་སྨད་ན་རྩ་ལྟུང་འབྱུང་ཞེས་གསང་བ་སྔགས་ལས་འདོམས་ན་ཡང་།།
བོད་མོའི་ཕྱག་རྗེས་བོད་ཕོ་ལས་ཀྱང་གཟི་འོད་རྣམ་པར་འཕྲོ་ན་ཡང་།།
བོད་ཕོའི་སྙིང་ལ་ཅི་ཞིག་ཞུགས་སམ་བུད་མེད་བོང་བུས་ཚེགས་དགོས་ཟེར།།

བོད་ཀྱི་ཕ་ཆོས་མ་ཆོས་ཡོད་ཚད་བོད་ཕོ་དག་གིས་ཐལ་བར་བརླག།
ད་དུང་ཁྲེལ་དང་ནུས་མེད་བོད་ཕོ་བོད་མོར་ཐུག་ན་ཁ་བཙན་ཆེ།།
བོད་ཀྱི་ཆུང་མའི་ལུས་རྟེན་བླངས་པ་མུན་པའི་ཚེ་བཙོན་རིང་མོ་དང་།།
གཏན་འགྲོགས་ཁྱོ་ག་བོད་པར་འཕྲད་པ་བོད་མོའི་མི་ཚེའི་བཙོན་སྲུང་ཉིད།།

བོད་ཀྱི་ཡུལ་ན་མི་གཤིས་བྲལ་བའི་གཉའ་ཤིང་ལྗིད་པོས་མོ་མགོ་གནོན།།
བོད་ཕོ་བོད་མོར་ངན་ལངས་ཤོར་བས་འདྲ་མཉམ་བཤད་ན་བློར་མི་འཚམ།།
བོད་ཕོ་བོད་མོས་གཙུག་ཏུ་བཀུར་བས་རིགས་གཞན་ལ་ཡང་དཔེ་འགེབ་འདོད།།
བོད་མོའི་རང་གཤིས་འཇམ་དུ་ཚོར་དུས་བོད་ཕོ་འགྱོད་པས་འགྲམ་ཤ་འཐེན།།

ནག་མོ་སྐྱེ་དམན་རིན་ཆེན་མི་ལུས་ཕྱེད་ཀ་རེད་ཅེས་བརྙས་ཐབས་ཀྱི།།
གཞུང་ལུགས་ཁྲིམས་དང་གོམས་སྲོལ་གཏོད་སོགས་ངན་སྨད་སྣ་དགུ་རང་དགར་སྤེལ།།
བུ་ཞིག་སྐྱེས་ན་བསང་ཞིག་ཕུད་དེ་དགའ་སྣང་དཀྲོག་གེར་གཅེས་ན་ཡང་།།
མདོ་རྩར་གཏུག་ན་མོ་མགོ་རྡུང་བའི་ཐོ་བ་ཞིག་ལས་དམིགས་སྒོ་དོག།

མི་རྗེའི་ཁྲིམས་དང་སེར་མོའི་མོ་ལུང་བུད་མེད་ཆམ་ལ་འབེབས་ཉིན་མཐུན།།
ལས་ངན་བོད་མོར་རང་ལུས་མི་དབང་བོད་ཕོས་དཔའ་སྟོབས་ངོམ་ཡུལ་ཙམ།།
བོད་ཕོས་རི་ནས་མ་འཇོན་བྱོལ་བའི་སྡུག་ཡུས་ངན་ཁག་འདོན་ཡུལ་དེ།།
འགྱིང་བའི་ཉམས་དང་རྫིག་པའི་འགྲོས་ཀྱིས་རང་ཁྱིམ་ཆུང་མའི་སྐྲ་ལ་སྡང་།།

བོད་མོས་བརྙས་བཅོས་མནར་སྡུག་འཁུར་བ་ཡ་རབས་རེད་ཅེས་ངོ་བསྟོད་ཙམ།།
བོད་མོའི་མཆི་མའི་རྒྱུན་ཐག་རིང་མོ་ཁྱོ་གའི་ཁྲོ་ཚིག་ཐོས་ན་ཆད།།
རྣམ་རིག་གློག་འོད་འཁྱུག་ལྟར་རྣོ་ཡང་ཁྱོ་གའི་སྔུན་ནས་ལྐུགས་མདོག་དགོས།།
རྟག་ཏུ་འཛེམ་ཟོན་དོགས་མནོང་ཁྲོད་ནས་ཁྱོ་གའི་ཁ་ངོའི་དཀར་ནག་འཚོ།།

བོད་མོ་སྒོ་ཁྱིམ་གཟེབ་དུ་ཚུད་པས་མཐོང་དང་ཐོས་རྒྱ་ཁབ་མིག་ཙམ།།
ཉིན་མཚན་དུས་དྲུག་འདུར་རྒྱུགས་སྔངས་ཀྱིས་བྲེལ་བའི་མཐའ་མ་སྡུག་གྱོང་རག།
སྔ་ལངས་འཕྱི་ཉལ་བོད་མོའི་ལང་ཚོ་མ་སྨིན་གོང་ནས་གཉེར་མས་དཀྲིས།།
བོད་མོའི་དཀའ་ལས་ཚེགས་ཡུས་འདོན་ས་སྒོ་ཁྱི་ཡིན་ནམ་སྒོ་ཕྱུགས་སམ།།

བོད་མོ་དགའ་རོགས་གཞན་དང་འཕྲད་ཚེ་ཁྱི་མོ་རེད་ཅེས་མིང་ཆད་འདོགས།།
བོད་མོས་བཟའ་སྡུག་མ་ཐེག་བྱོལ་ན་ཕྱིར་ལོག་མ་ཞེས་ངོ་ཐང་སྨད།།
བོད་མོའི་ཁྱོ་ག་དུས་ལས་འདས་ན་གཡུག་ས་མ་ཞེས་བཙོག་པར་ལྟ།།
བོད་མོར་ཕྲུ་གུ་མ་སྐྱེས་འགྱངས་ན་རབས་ཆད་མ་ཞེས་ལེ་ཁག་འགེལ།།

འདྲ་མཉམ་གཤིས་སྤྱོད་རྣམ་མང་རིག་གནས་ལུང་ཀྱོག་ཚུན་ལའང་ཁྱབ་སྐབས་འདིར།།
བོད་ཕོའི་གདོང་བ་འདོམ་གང་དྲུད་དེ་དེང་གི་བོད་མོ་འདི་དག་ཅེས།།
དུས་ཀྱི་འཕོ་འགྱུར་ཁས་ལེན་མི་འདོད་གནའ་ཆས་རྒྱན་དུ་ངོམ་རེ་ཡང་།།
བོད་མོའི་སྣང་ངོར་དུས་ཀྱི་གོས་བོར་རྙིང་ཞེན་ཀོ་གྱོང་མཆིལ་འདེབས་ཤིག།

རིག་པའི་མེ་ཏོག་བགོ་སྐལ་ལྷུག་བཞད་དཔྱིད་ཀྱི་དཔལ་ཡོན་ཚེས་དུས་འདིར།།
སྐབས་བསྟུན་བོད་མོར་ཡར་ལངས་ཐོབ་པས་བོད་ཕོའི་རང་མཚང་ངང་གིས་ཡལ།།
བོད་མོའི་རྣམ་རིག་ཡར་ཡར་སད་ཚེ་བོད་ཕོའི་ངོ་ཤ་མར་མར་ལུག།
ཡུལ་ངན་ཁ་ཁྲིམས་མུན་མདའ་ཚ་ཡང་རྣམ་འབྱེད་ཉི་གཞོན་འཛུམ་དཀར་བརྟས།།

གངས་དཀར་ལྷ་མོའི་རང་མདངས་སྦྲུམ་པའི་གངས་རིའི་ལང་ཚོ་དར་བབ་མོ།།
ད་ནི་རིག་པའི་གཡུལ་སར་སྐྱོད་དང་བོད་ཕོའི་རྐང་བ་བཀྲུ་མཚམས་ཞོག།
དེང་སང་ཕོ་ལས་མི་རིགས་བྲིན་པའི་གོ་སྐབས་མ་ཤོར་དམ་ཟུངས་ལ།།
བོད་ཕོས་མ་འཇོན་ཤོར་བའི་སྤྱི་ཆོས་མེ་རོ་གསོ་ལ་བརྩོན་ཞིག་ཀྱེ།།